༣༧
ཡང་བེ་ཚ་ལེ་ཨེལ་གྱིས་སྒྲོམ་ཞིག་ཤིད་ཏིམ་ཤིང་ནས་བཟོས་ཏེ། དེའི་རིང་ནི་ཁྲུ་ཕྱེད་དང་གསུམ། ཞེང་ནི་ཁྲུ་ཕྱེད་དང་གཉིས། མཐོ་ཁྱད་ནི་ཁྲུ་ཕྱེད་དང་གཉིས་སོ།  ཁོས་དེའི་ཕྱི་ནང་གསེར་བཙོ་མས་གཡོགས་ནས། དེའི་མཐའ་འཁོར་ལ་གསེར་གྱི་ཕྲེང་བ་ཞིག་བཟོས་སོ།  ཁོས་དེ་ལ་ཡང་གསེར་གྱི་ཨ་ལོང་བཞི་བླུགས་ནས། དེ་ནི་དེའི་གྲུ་བཞི་ལ་སྦྱར་ཏེ། ལོགས་གཅིག་ལ་ཨ་ལོང་གཉིས་དང་། ལོགས་གཅིག་ལ་ཡང་ཨ་ལོང་གཉིས་སྦྱར་རོ།  ཤིད་ཏིམ་ཤིང་ནས་གདང་བུ་གཉིས་བྱས་ནས་གསེར་གྱིས་གཡོགས་སོ།  སྒྲོམ་འཁུར་བའི་གདང་བུ་གཉིས་དེ་སྒྲོམ་གྱི་ལོགས་གཉིས་ལ་ཡོད་པའི་ཨ་ལོང་རྣམས་སུ་བཅུག་གོ།  ཡང་ཁོས་ཐུགས་རྗེའི་ཁྲི་ཞིག་གསེར་བཙོ་མ་ནས་བཟོས་ཏེ། དེའི་རིང་ནི་ཁྲུ་ཕྱེད་དང་གསུམ། ཞེང་ནི་ཁྲུ་ཕྱེད་དང་གཉིས་སོ།  ཡང་ཐུགས་རྗེའི་ཁྲིའི་མཐའ་གཉིས་ལ་ཀེ་རུབ་གཉིས་གསེར་ལྗང་རྡུང་གིས་བཟོས་སོ།  ཀེ་རུབ་གཅིག་ཚུར་གྱི་མཐའ་མ་ལ། ཡང་ཀེ་རུབ་གཅིག་ཕར་གྱི་མཐའ་མ་ལ། ཐུགས་རྗེའི་ཁྲི་དང་འབྲེལ་ཞིང་དེའི་མཐའ་གཉིས་ལ་ཀེ་རུབ་དེ་རྣམས་བཟོས་སོ།  ཀེ་རུབ་དེ་རྣམས་ཀྱིས་རང་གི་ཤོག་པ་རྣམས་གྱེན་དུ་བརྐྱངས་ནས་ཐུགས་རྗེའི་ཁྲི་ཤོག་པས་གཡོག་སྟེ། དེ་དག་གདོང་གཏད་དུ་ཐུགས་རྗེའི་ཁྲི་ལ་བལྟས་ནས་ཡོད་པ་ཡིན།
༡༠ ཡང་དེས་ཤིད་ཏིམ་ཤིང་ནས་གསོལ་ལྕོག་དེ་བྱས། དེའི་རིང་ནི་ཁྲུ་གཉིས། ཞེང་ནི་ཁྲུ་གཅིག མཐོ་ཁྱད་ཁྲུ་ཕྱེད་དང་གཉིས་སོ། ༡༡ དེ་ནི་གསེར་བཙོ་མས་གཡོགས་ནས། དེའི་མཐའ་འཁོར་ལ་གསེར་གྱི་ཕྲེང་བ་ཞིག་བཟོས་སོ། ༡༢ ཡང་དེའི་མཐའ་འཁོར་ལ་མཐའ་རྒྱན་ཞིག་བྱས། དེའི་མཐོ་ཁྱད་སོར་བཞི་དང་། དེའི་མཐའ་འཁོར་ལ་ཡང་གསེར་གྱི་ཕྲེང་བ་ཞིག་བཟོས་སོ། ༡༣ དེ་ལ་གསེར་གྱི་ཨ་ལོང་བཞི་བླུགས་ནས། ཨ་ལོང་དེ་རྣམས་དེའི་གྲུ་བཞིའི་རྐང་པ་བཞི་ལ་བཅུག་གོ། ༡༤ མཐའ་རྒྱན་ནས་ཅུང་ཞིག་འོག་ན་ཨ་ལོང་རྣམས་ཡོད་དེ། གསོལ་ལྕོག་འཁྱེར་བ་ལ་གདང་བུ་རྣམས་འཛིན་པའི་ཕྱིར་རོ། ༡༥ གདང་བུ་རྣམས་ཤིད་ཏིམ་ཤིང་ནས་བྱས་ནས། དེ་དག་གིས་གསོལ་ལྕོག་འཁྱེར་བའི་ཕྱིར་གསེར་གྱིས་གཡོགས་སོ། ༡༦ ཡང་དེས་གསོལ་ལྕོག་གི་ཡོ་བྱད་ཞེ་ན། དེའི་སྡེར་མ་དང་ཕོར་པ་རྣམས། མཆོད་ཞལ་དང་བུམ་པ་རྣམས་གསེར་སྐྱེམས་འབུལ་བའི་ཕྱིར་གསེར་བཙོ་མ་ནས་བཟོས་སོ༎
༡༧ དེས་མར་མེའི་སྟེགས་བུ་གསེར་བཙོ་མ་ནས་བཅོས། ལྗང་རྡུང་ལས་སྟེགས་བུ་དང་དེའི་ཞབས་ར་དང་སྡོང་པོ་བཅོས་སོ། དེའི་བུམ་པ་དང་འབྲས་བུ་དང་མེ་ཏོག་རྣམས་རང་བཅོས་ལ་བྱས་སོ། ༡༨ དེའི་ལོགས་གཉིས་ལས་ཡལ་ག་དྲུག་ཐོན་ཏེ། སྟེགས་བུའི་ལོགས་ཡ་གཅིག་ནས་ཡལ་ག་གསུམ་དང་། སྟེགས་བུའི་ལོགས་གཞན་དེ་ལས་ཡལ་ག་གསུམ་ཐོན་ཏོ། ༡༩ རྒྱ་གར་སྟར་ཀའི་མེ་ཏོག་གི་གཟུགས་ལྟར་བཟོས་པའི་བུམ་པ་གསུམ་རེ་ལ་འབྲས་བུ་ཞིག་དང་མེ་ཏོག་ཅིག་ཡལ་ག་གཅིག་ལ་ཡོད་པ་དང་། རྒྱ་གར་སྟར་ཀའི་མེ་ཏོག་གི་གཟུགས་ལྟར་བཟོས་པའི་བུམ་པ་གསུམ་རེ་ལ་འབྲས་བུ་ཞིག་དང་མེ་ཏོག་ཅིག་ཡལ་ག་གཞན་དེ་ལ་ཡོད་པ་ཡིན། དེ་བཞིན་དུ་སྟེགས་བུ་ལས་འབྱུང་བའི་ཡལ་ག་དྲུག་པོ་ལ་ཡོད་པ་ཡིན། ༢༠ ཡང་སྟེགས་བུ་རང་ལ་རྒྱ་གར་སྟར་ཀའི་མེ་ཏོག་གི་གཟུགས་ལྟར་བཟོས་པའི་བུམ་པ་བཞི་འབྲས་བུ་མེ་ཏོག་དང་བཅས་པ་ཡོད་པ་ཡིན། ༢༡ ཡང་དེ་ལས་འབྱུང་བའི་ཡལ་ག་གཉིས་ཀྱི་འོག་ན་འབྲས་བུ་གཅིག་དང་། དེ་ལས་ཐོན་པའི་ཡལ་ག་གཉིས་ཀྱི་འོག་ན་འབྲས་བུ་གཅིག་དང་། དེ་ལས་ཐོན་པའི་ཡལ་ག་གཉིས་ཀྱི་འོག་ན་ཡང་འབྲས་བུ་གཅིག་གོ། དེ་བཞིན་དུ་སྟེགས་བུ་ལས་ཐོན་པའི་ཡལ་ག་དྲུག་གི་ཕྱིར་བྱས་སོ། ༢༢ འབྲས་བུ་རྣམས་དང་ཡལ་ག་རྣམས་ལ་འབྱར་བ་ཐམས་ཅད་གསེར་བཙོ་མ་དང་ལྗང་རྡུང་ངོ་། ༢༣ ཡང་དེས་སྒྲོན་མ་བདུན་དང་དེའི་སྐམ་ཆུང་རྣམས་དང་། སྡོང་རོའི་སྣོད་རྣམས་གསེར་བཙོ་མ་ནས་བཟོས་སོ། ༢༤ དེ་རང་དང་དེའི་ཡོ་བྱད་རྣམས་དེས་གསེར་བཙོ་མ་ཀི་ཀཱར་གཅིག་གི་སྐར་ཚད་ལས་བཟོ་བར་བྱས་སོ༎
༢༥ དེས་བདུག་སྤོས་བདུག་པའི་མཆོད་ཁྲི་ཤིད་ཏིམ་ཤིང་ནས་བཟོ་བར་བྱས་པའི་རིང་ནི་ཁྲུ་གཅིག ཞེང་ཁྲུ་གཅིག་སྟེ་ཁ་གང་མའོ། མཐོ་ཁྱད་ཁྲུ་གཉིས་དང་། དེའི་རུ་བ་རྣམས་དེ་རང་ལས་ཐོན་ནོ། ༢༦ དེའི་སྟེང་དང་། དེའི་ལོགས་བཞི་དང་། དེའི་རུ་བ་རྣམས་གསེར་བཙོ་མས་གཡོགས་པ་དང་། གསེར་གྱི་ཕྲེང་བ་ཞིག་དེའི་མཐའ་འཁོར་ལ་བཟོས་སོ། ༢༧ དེའི་ལོགས་གཉིས་ལ་ཕྲེང་བའི་འོག་ལ་ཨ་ལོང་གཉིས་སྦྱར་བ་དེ་གདང་བུ་གཉིས་རྟེན་པ་དང་། འཁུར་བའི་ཕྱིར་ཡོད་པ་ཡིན། ༢༨ གདང་བུ་དེ་ཁོས་ཤིད་ཏིམ་ཤིང་ནས་བྱས་ནས་གསེར་གྱིས་གཡོགས་སོ༎
༢༩ དེས་བྱུགས་སྤོས་དམ་པ་དང་། བདུག་སྤོས་ནི་སྤོས་བཟང་པོ་སྣ་ཚོགས་ནས་སྦྱར་ཐབས་ཀྱི་བཟོ་ལུགས་ལ་བྱས་སོ༎