༣༦
ཡང་བེ་ཚ་ལེ་ཨེལ་དང་ཨོ་ཧོ་ལི་ཨབ་དང་མི་སུ་ལ་ཡ་ཧོ་ཝཱས་ཤེས་རབ་དང་རིག་པ་གནང་བས། མི་བློ་རྩལ་ཅན་གྱི་ལས་བྱེད་ཤེས་པ་དེ་ཐམས་ཅད་ནི་ཡ་ཧོ་ཝཱས་ཅི་བཀའ་སྩལ་བའི་ལས་ཟེར་ན། མཆོད་ཁང་གི་ཞབས་འདེགས་སུ་རུང་བ་རྣམས་བྱེད་པར་དགོས་སོ༎
 དེ་ནས་མོ་ཤེས་བེ་ཚ་ལེ་ཨེལ་དང་ཨོ་ཧོ་ལི་ཨབ་དང་། མི་བློ་རྩལ་ཅན་སུ་ལ་ཡ་ཧོ་ཝཱས་ཤེས་རབ་སྙིང་དུ་གནང་བ་རེ་རེ་དང་། ལས་སྒྲུབ་པའི་ཕྱིར་རང་དགར་འོངས་པ་ཐམས་ཅད་ཚུར་བོས་ནས།  མཆོད་ཁང་གི་ཞབས་འདེགས་ཕྱིར་སྒྲུབ་བྱའི་ལས་རྣམས་ཀྱི་དོན་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཕུལ་བའི་སྦྱིན་པ་ཐམས་ཅད་མོ་ཤེའི་ལག་པ་ནས་དེ་དག་ལ་ཐོབ་བོ། དེ་དག་གིས་ད་དུང་ཡང་སྔ་མོ་རེ་རེ་བཞིན་རང་དགའ་སྟེ་སྦྱིན་པ་ཕུལ་བ་ཡིན།  གཙང་ཁང་གི་ལས་བྱེད་མཁན་ཐམས་ཅད་བྱེད་པའི་མི་བློ་རྩལ་ཅན་ཀུན་རེ་རེ་རང་གི་ལས་བྱེད་པ་ལས་ལོག་འོངས་ཏེ།  དེ་དག་གིས་མོ་ཤེ་ལ། ཡ་ཧོ་ཝཱས་སྒྲུབ་དགོས་གསུངས་པའི་ཞབས་འདེགས་ཀྱི་ལས་འདི་སྒྲུབ་པ་ལ་དགོས་པ་ལས་ལྷག་པར་མི་སྡེས་འཁྱེར་འོངས་པ་ཡིན་ཟེར་བས།  མོ་ཤེས་བཀའ་བཀོད་པ་དེ་ཚོས་དམག་སྒར་ཀུན་ཏུ། ད་སྐྱེས་པའམ་བུད་མེད་སུས་ཀྱང་གཙང་ཁང་གི་ཕྱིར་འབུལ་བ་འབུལ་བའི་ཕྱིར་ལས་གང་ཡང་མ་བྱེད་ཅིག་ཅེས་སྐད་བཏང་བས། དེ་ལྟར་མི་སྡེ་ལ་འབུལ་དུ་མ་བཅུག་གོ།  དེ་ཅི་ལ་ཞེ་ན། དེ་དག་ལ་ཐོབ་ཡོད་པའི་རྫས་རྣམས་ལས་ཚང་མ་སྒྲུབ་ཏུ་ཚང་བ་མ་ཟད་འཐེབ་ཀྱང་ཡོད་པ་ཡིན་ནོ༎
 ཡང་ལས་བྱེད་པ་རྣམས་ལས་མི་བློ་རྩལ་ཅན་ཐམས་ཅད་ཀྱིས་ཡོལ་བ་བཅུ་ནས་གུར་མཆོག་བྱས་ཏེ། དེའི་རྒྱུ་ནི་ཀ་ཤི་ཀ་བསྒྲིམས་པ་དང་རས་སྐུད་རྒྱ་སྨུག་དང་རྒྱ་ཁ་དང་མཚལ་ཁ་བཀད་སྲུལ་བའི་འཐག་བཟོའི་ཚུལ་དུ་ཀེ་རུབ་དང་བཅས་པ་རྣམས་བཟོས་སོ།  ཡོལ་བ་རེའི་རིང་ནི་ཁྲུ་ཉི་ཤུ་རྩ་བརྒྱད་དང་། ཡོལ་བ་རེའི་ཞེང་ནི་ཁྲུ་བཞི། ཡོལ་བ་ཐམས་ཅད་ཀྱི་ཚད་དེ་ལྟར་རོ། ༡༠ ཁོས་ཡོལ་བ་ལྔ་གཅིག་དང་གཅིག་སྦྲེལ། ཡང་ཡོལ་བ་ལྔ་གཅིག་ལ་གཅིག་སྦྲེལ་ལོ། ༡༡ ཡོལ་བ་དང་པོའི་སྣེ་མོ་ལ་རྒྱ་སྨུག་གི་སྒྲོག་བུ་རྣམས་འབྲེལ་ས་རེ་རེ་ལ་བྱས་པ་དང་། དེ་བཞིན་དུ་ཐམས་ཅད་ལས་གཞུག་གི་ཡོལ་བའི་སྣེ་མོ་ལ་འབྲེལ་ས་གཉིས་པ་ལ་ཡང་བྱས་སོ། ༡༢ སྒྲོག་བུ་ལྔ་བཅུ་ཡོལ་བ་དང་པོ་ལ་བྱས་པ་དང་། འབྲེལ་ས་གཉིས་པར་ཡོད་པའི་ཡོལ་བའི་གཞུག་ལ་སྒྲོག་བུ་ལྔ་བཅུ་བྱས་ཏེ། སྒྲོག་བུ་རྣམས་གཅིག་དང་གཅིག་ཁ་བསྒྲིགས་སོ། ༡༣ ཡང་གསེར་གྱི་ཀྱུ་ཆུང་ལྔ་བཅུ་བྱས་ནས། བཞུགས་གནས་ཚང་པོ་ཞིག་ཡིན་པའི་ཕྱིར་དུ་ཡོལ་བ་གཅིག་དང་གཅིག་ཀྱུ་ཆུང་གིས་སྦྲེལ་བར་བྱས་སོ༎
༡༤ དེ་ནས་ཁོས་བཞུགས་གནས་ཀྱི་སྟེང་གི་གུར་གྱི་ཕྱིར་རལ་ནས་ཡོལ་བ་བཅུ་གཅིག་བྱས་སོ། ༡༥ ཡོལ་བ་རེ་རེའི་རིང་ནི་ཁྲུ་སུམ་ཅུ། ཞེང་ནི་ཁྲུ་བཞི། ཡོལ་བ་བཅུ་གཅིག་གི་ཚད་དེ་ལྟར་རོ། ༡༦ ཡོལ་བ་ལྔ་ནི་ཁོས་གཅིག་དང་གཅིག་སྦྲེལ། ཡོལ་བ་དྲུག་ཡང་གཅིག་དང་གཅིག་སྦྲེལ་ལོ། ༡༧ ཡང་གཞུག་ལ་ཡོད་པའི་ཡོལ་བ་དེའི་སྣེ་མོའི་ནང་འབྲེལ་ས་རུ་སྒྲོག་བུ་ལྔ་བཅུ་བྱས། ཡང་གཞུག་ལ་ཡོད་པའི་ཡོལ་བའི་སྣེ་མོ་ན་འབྲེལ་བ་གཉིས་པར་ཡང་སྒྲོག་བུ་ལྔ་བཅུ་བྱས་སོ། ༡༨ ཡང་རག་གི་ཀྱུ་ཆུང་ལྔ་བཅུ་བྱས་ནས་གུར་གྱི་ཐོག་ཚང་པོ་ཞིག་བྱ་བའི་ཕྱིར་དེ་ལྟར་སྦྲེལ་ལོ། ༡༩ ཡང་གུར་གྱི་ཐོག་གི་སྟེང་དུ་ཁོས་ལུག་ཐུག་གི་པགས་པ་རྒྱ་ཚོས་བརྒྱབས་པ་རྣམས་ལས་ཁེབས་ཤིག་བྱས། དེའི་སྟེང་དུ་སྲམ་གྱི་པགས་པ་རྣམས་ནས་ཡང་ཁེབས་ཤིག་བྱས་སོ༎
༢༠ དེ་ནས་ཁོས་བཞུགས་གནས་ཀྱི་ཕྱིར་ཤིད་ཏིམ་ཤིང་ནས་བསླང་བའི་སྤང་ལེབ་རྣམས་བྱས། ༢༡ སྤང་ལེབ་རེའི་རིང་ནི་ཁྲུ་བཅུ་དང་། སྤང་ལེབ་རེའི་ཞེང་ནི་ཁྲུ་ཕྱེད་དང་གཉིས་སོ། ༢༢ སྤང་ལེབ་རེ་ལ་ཁོང་གཟེར་གཉིས་ཐད་ཀ་ལ་བྱས། དེ་ལྟར་ཁོས་གུར་མཆོག་གི་སྤང་ལེབ་རེ་རེ་ལ་བྱས་སོ། ༢༣ ཡང་བཞུགས་གནས་ཀྱི་སྤང་ལེབ་རྣམས་འདི་ལྟ་སྟེ། ལྷོ་ཕྱོགས་སུ་སྤང་ལེབ་ཉི་ཤུ་དང་། ༢༤ སྤང་ལེབ་ཉི་ཤུ་དེའི་འོག་ན་དངུལ་གྱི་ཞབས་གདན་བཞི་བཅུ་ནི་སྤང་ལེབ་གཅིག་གི་ཁོང་གཟེར་གཉིས་ཀྱི་ཕྱིར་ཞབས་གདན་གཉིས་རེ་དང་། སྤང་ལེབ་གཞན་གྱི་ཁོང་གཟེར་གཉིས་ཀྱི་ཕྱིར་རེ་ལ་ཞབས་གདན་གཉིས་སོ། ༢༥ བཞུགས་གནས་ཀྱི་ལོགས་གཉིས་པ་བྱང་ཕྱོགས་སུ་ཁོས་སྤང་ལེབ་ཉི་ཤུ་དང་། ༢༦ དེའི་དངུལ་གྱི་ཞབས་གདན་བཞི་བཅུ་བྱས། ཞབས་གདན་གཉིས་སྤང་ལེབ་གཅིག་གི་འོག ཞབས་གདན་གཉིས་སྤང་ལེབ་གཞན་དེའི་འོག་ཏུ་བྱས་སོ། ༢༧ ནུབ་ཕྱོགས་སུ་བཞུགས་གནས་ཀྱི་རྒྱབ་ལོགས་ཀྱི་ཕྱིར་ཁོས་སྤང་ལེབ་དྲུག་བྱས་སོ། ༢༨ བཞུགས་གནས་ཀྱི་རྒྱབ་ལོགས་ལ་བཞུགས་གནས་ཀྱི་གྲུའི་ཕྱིར་སྤང་ལེབ་གཉིས་བྱས་སོ། ༢༩ དེ་དག་ནི་འོག་ན་ཉིས་ལྡབ་དང་དེ་བཞིན་དུ་ཡང་ཁོང་གཟེར་དང་པོའི་བར་དུ་ཉིས་ལྡབ་ཡོད་དེ། གྲུ་གཉིས་ལ་ཡོད་པའི་སྤང་ལེབ་གཉིས་དེ་ལྟར་བྱས་སོ། ༣༠ དེ་ནི་སྤང་ལེབ་བརྒྱད་དང་དེ་དག་གི་དངུལ་གྱི་ཞབས་གདན་ནི་ཞབས་གདན་བཅུ་དྲུག སྤང་ལེབ་རེ་རེ་ལ་ཞབས་གདན་གཉིས་གཉིས་སོ༎
༣༡ ཡང་ཤིད་ཏིམ་ཤིང་ནས་ཁོས་རྒྱབ་ལག་བྱས་ཏེ་བཞུགས་གནས་ཀྱི་ལོགས་གཅིག་གི་སྤང་ལེབ་རྣམས་ཀྱི་ཕྱིར་ལྔ་དང་། ༣༢ བཞུགས་གནས་ཀྱི་ལོགས་གཞན་དེའི་སྤང་ལེབ་རྣམས་ཀྱི་ཕྱིར་རྒྱབ་ལག་ལྔ་དང་། བཞུགས་གནས་ཀྱི་ནུབ་ཕྱོགས་སུ་རྒྱབ་ལོགས་ཀྱི་སྤང་ལེབ་རྣམས་ཀྱི་ཕྱིར་རྒྱབ་ལག་ལྔའོ། ༣༣ ཡང་སྤང་ལེབ་རྣམས་ཀྱི་དཀྱིལ་དུ་ཡོད་པའི་རྒྱབ་ལག་དེ་ནི་ཟུར་ནས་གཞན་ཟུར་གྱི་བར་དུ་སླེབས་པར་བྱས་སོ། ༣༤ ཡང་སྤང་ལེབ་རྣམས་གསེར་གྱིས་གཡོགས་ནས། དེ་དག་གི་རྒྱབ་ལག་རྣམས་འཛིན་པའི་ཨ་ལོང་རྣམས་གསེར་ནས་བྱས་པ་དང་། རྒྱབ་ལག་རྣམས་ཀྱང་གསེར་གྱིས་གཡོགས་སོ༎
༣༥ ཡང་ཁོས་ཡོལ་བའི་རྒྱུ་ནི་རས་སྐུད་རྒྱ་སྨུག་དང་རྒྱ་ཁ་དང་མཚལ་ཁ་དང་ཀ་ཤི་ཀ་བསྒྲིམས་པ་ལས་བྱས། བཀད་སྲུལ་བའི་འཐག་བཟོའི་ལས་ཀེ་རུབ་རྣམས་དང་ལྡན་པར་བྱས་སོ། ༣༦ དེའི་ཕྱིར་ཁོས་ཤིད་ཏིམ་ཤིང་ལས་ཀ་བ་བཞི་བཟོས་པ་དེ་གསེར་གྱིས་གཡོགས། དེ་དག་གི་ཀྱུ་ཆུང་རྣམས་གསེར་ནས་བྱས་པ་དང་། དེ་དག་གི་ཕྱིར་དངུལ་གྱི་ཞབས་གདན་བཞི་བླུགས་སོ། ༣༧ གུར་མཆོག་གི་སྒོའི་ཕྱིར་སྒོ་ཡོལ་ཞིག་བྱས་ཏེ་དེའི་རྒྱུ་ནི་རས་སྐུད་རྒྱ་སྨུག་དང་རྒྱ་ཁ་དང་མཚལ་ཁ་དང་ཀ་ཤི་ཀ་བསྒྲིམས་པ་ཡིན་ཏེ། ཚོས་སྣ་སྤེལ་བའི་འཐག་བཟོའི་ལས་ཡོད་པ་ཡིན། ༣༨ ཡང་དེའི་ཕྱིར་ཀ་བ་ལྔ་རང་གི་ཀྱུ་ཆུང་དང་བཅས་ཏེ་ཀ་གཞུ་རྣམས་དང་། མདའ་རྣམས་ཁོས་གསེར་གྱིས་གཡོགས་པ་དང་། དེའི་ཞབས་གདན་ལྔ་རག་ནས་ཡོད་པ་ཡིན་ནོ༎