༢༥
ཡང་ཨིས་ར་ཨེལ་་ཤིད་ཏིམ་བྱ་བ་ལ་བསྡད་དོ། ཡང་མི་སྡེས་མོ་ཨབ་ཀྱི་བུ་མོ་རྣམས་དང་ལོག་གཡེམ་བྱེད་པ་ལ་ཞུགས་སོ། ༢ གང་ལ་ཟེར་ན། དེ་དག་གིས་རང་གི་ལྷ་རྣམས་ལ་མཆོད་པ་འབུལ་བའི་སྐབས་སུ་མི་སྡེ་ལ་བོས་པ་དང་། མི་སྡེས་ཟ་བ་དང་། དེ་དག་གི་ལྷ་རྣམས་ལ་ཕྱག་ཕུལ་ལོ། ༣ ཡང་ཨིས་ར་ཨེལ་གྱིས་བ་ཨཱལ་ཕེ་ཨོར་ལ་བརྟེན་པའི་ཕྱིར་ཡ་ཧོ་ཝཱའི་ཐུགས་ཁྲོ་འབར་རོ། ༤ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་སྩལ་པ། མི་སྡེའི་འགོ་པ་ཐམས་ཅད་བཟུང་ནས། ཡ་ཧོ་ཝཱའི་ཕྱིར་ཉི་མའི་ནང་འཕྱར་དུ་ཐོང་ཞིག ཡ་ཧོ་ཝཱའི་ཁྲོ་གཉན་ཞི་བའི་ཕྱིར་རོ། ༥ ཡང་མོ་ཤེས་ཨིས་ར་ཨེལ་གྱི་ཁྲིམས་དཔོན་རྣམས་ལ་གསུངས་པ། ཁྱོད་རྣམས་རེ་རེས་རང་གི་མི་ཟེར་ན། བ་ཨཱལ་ཕེ་ཨོར་གྱི་ཕྱོགས་སུ་སོང་བའི་མི་དེ་དག་གསོད་ཅིག༦ ཡང་ལྟོས་ཤིག མོ་ཤེ་དང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཆོས་ཚོགས་ཐམས་ཅད་འདུན་མའི་གུར་མཆོག་གི་སྒོ་རུ་ངུ་སྐད་བཏོན་པ་དང་། ཐམས་ཅད་ཀྱི་མཐོང་ས་ལ། ཨིས་ར་ཨེལ་གྱི་བུ་ཚོའི་ནང་ནས་གཅིག་གིས་ནི་མིད་ཨན་པའི་བུད་མེད་ཅིག་སྤུན་རྣམས་ཀྱི་རྩར་འཁྲིད་ཡོངས་སོ། ༧ ཡང་བླ་མ་ཨ་རོན་གྱི་བུ་ཨེལ་ཨ་ཟར། དེའི་བུ་ཕི་ནེ་ཧས་ཀྱིས་དེ་མཐོང་མ་ཐག་ཆོས་ཚོགས་ཀྱི་དཀྱིལ་ནས་ལངས་ནས། མདུང་ཞིག་ལག་ཏུ་བླངས་ཏེ། ༨ ཨིས་ར་ཨེལ་གྱི་མི་དེའི་རྗེས་སུ་གུར་ཐོག་གི་གནམ་ལིང་གི་ནང་དུ་སོང་སྟེ། ཨིས་ར་ཨེལ་གྱི་མི་དེ་དང་བུད་མེད་གཉིས་ཀྱི་གྲོད་པ་ཕིགས་སོ། དེ་ལྟར་ཨིས་ར་ཨེལ་གྱི་ཁྲོད་དུ་གཉན་ནད་མེད་པར་སོང་ངོ་། ༩ ཡང་གཉན་ནད་དྲག་པོ་དེས་ཤི་བའི་མིའི་གྲངས་ནི་སྟོང་ཕྲག་ཉི་ཤུ་རྩ་བཞིའོ༎
༡༠ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་གསུངས་པ། ༡༡ བླ་མ་ཨ་རོན་གྱི་བུ་ཨེལ་ཨ་ཟར། དེའི་བུ་ཕི་ནེ་ཧས་དེ་ནི་ཨིས་ར་ཨེལ་གྱི་ནང་ན་ང་ལ་བརྟེན་ཞིང་། ངའི་དོན་དུ་ཁྲག་རླུང་ལང་ནས་ཨིས་ར་ཨེལ་གྱི་བུ་རྣམས་ལས་ཡ་ཧོ་ཝཱའི་ཁྲོ་བ་བསྒྱུར་པས། ཨིས་ར་ཨེལ་གྱི་བུ་རྣམས་མེད་པར་མ་བྱས་སོ། ༡༢ དེའི་ཕྱིར་དེ་ལ། ཀྱེ་ཧོ། ཡ་ཧོ་ཝཱས་རང་གི་ཞི་བདེའི་ཞལ་ཆད་ཁྱོད་ལ་སྟེར་རོ། ༡༣ དེ་ནི་ཁྱོད་རང་དང་ཁྱོད་ཀྱི་རྗེས་སུ་འབྱུང་བའི་ས་བོན་གྱི་དོན་དུ་རྒྱུན་ཆད་མེད་པའི་ཁ་ཆད་ཅིག་ཡོད་པར་འགྱུར། ཁྱོད་ཀྱིས་ནི་དཀོན་མཆོག་ལ་བརྟེན་ཞིང་ཁྲག་རླུང་ནང་ཨིས་ར་ཨེལ་གྱི་བུ་ཚོའི་ཕྱིར་སྡིག་བཤགས་བྱས་པའི་ཕྱིར་རོ། ད་བསད་པའི་ཨིས་ར་ཨེལ་གྱི་མི་ཟེར་ན།
༡༤ མིད་ཨན་པའི་བུད་མེད་དང་བཅས་པ་བསད་པར་གྱུར་པ་དེའི་མིང་ནི་ས་ལུ་བྱ་བའི་བུ་ཟིམ་རི་ཟེར་བ་དང་། ཤིམ་ཨོན་གྱི་སྡེ་ན་ཕའི་ཁང་པ་ཞིག་གི་འགོ་པ་ཡོད་པ་ཡིན། ༡༥ ཡང་བསད་པའི་མིད་ཨན་པའི་བུད་མེད་དེའི་མིང་ནི་ཙུར་ཟེར་བའི་བུ་མོ་ཀོས་བི་བྱ་བ་ཡོད་པ་ཡིན། ཙུར་ནི་མིད་ཨན་པའི་ཡུལ་དུ་ཕའི་ཁང་པ་ཞིག་གི་མི་ཚོའི་འགོ་པ་ཡོད་དོ༎