༢༤
ཡང་བ་ལ་ཨམ་གྱིས་ཨིས་ར་ཨེལ་ལ་བྱིན་རླབས་བྱེད་པ་ལ་ཡ་ཧོ་ཝཱ་ཐུགས་དགྱེས་པ་དེ་མཐོང་ནས། སྔར་བཞིན་དུ་ལྟས་རྣམས་ལ་མ་བལྟ་བར་འབྲོག་སྟོང་གི་ཕྱོགས་སུ་བལྟས་སོ། ༢ ཡང་བ་ལ་ཨམ་རང་གི་མིག་བཏེགས་ཏེ། ཨིས་ར་ཨེལ་ནི་རང་གི་སྡེ་སོ་སོ་བཞིན་དུ་གནས་པ་མཐོང་ནས། དཀོན་མཆོག་གི་ཐུགས་ཉིད་ཁོ་ལ་བབས་སོ། ༣ ཡང་རང་གི་གཏམ་དཔེ་ནང་འདི་སྐད་དུ། བེ་ཨོར་གྱི་བུ་བ་ལ་ཨམ་གྱིས་འདི་ན་རེ། མིག་བཙུམ་ཡོད་པའི་སྐྱེས་པས་འདི་སྐད་དུ། ༤ དཀོན་མཆོག་གི་བཀའ་རྣམས་ཐོས་མཁན་དེས་འདི་ན་རེ། དེས་ཀུན་དབང་གི་གཟིགས་སྣང་རྣམས་མཐོང་ངོ་། ཕྱག་འཚལ་བ་དང་དེའི་མིག་ཕྱེས་ཡོད་དེ། ༥ ཀྱེ་ཡ་ཀོབ་ཁྱེད་ཀྱི་གུར་རྣམས་ཇི་ལྟར་ཡིད་དུ་འོང་བ་ལགས། ཀྱེ་ཨིས་ར་ཨེལ་ཁྱེད་ཀྱི་གུར་ཁང་རྣམས་ཇི་ལྟར་མཚར། ༦ དེ་ནི་ལུང་པ་རྣམས་རྒྱས་པ་འདྲ། གཙང་འགྲམ་གྱི་སྐྱེད་མོ་ཚལ་དང་འདྲ། ཡ་ཧོ་ཝཱས་བཙུགས་པའི་ཤིང་ཨ་ལོ་ཨེ་འདྲ། ཆུ་དང་ཉེ་བའི་འགྱམ་ཤིང་རྣམས་དང་འདྲ། ༧ དེའི་ཟོ་བ་ལས་ཆུ་ནི་འབབ་པར་འགྱུར། དེའི་ས་བོན་ཆུ་ཆེན་པོ་རྣམས་ནང་འབབ་པར་འགྱུར། དེའི་རྒྱལ་པོ་ནི་ཨ་གག་ལས་མཐོ་བར་འགྱུར། ཁོང་གི་རྒྱལ་ཁམས་དེ་ནི་འཕགས་པར་འགྱུར། ༨ དཀོན་མཆོག་གིས་ཁོང་མི་སེར་ཡུལ་ནས་འཁྲིད་མཛད་ཅིང་། འབྲོང་དང་འདྲ་བའི་སྟོབས་དེ་ལ་ཡོད། དེ་ལ་དགྲ་བྱེད་མི་བརྒྱུད་རྣམས་ཟ་བར་འགྱུར། དེ་དག་གི་རུས་པ་རྣམས་ནི་གཏུབ་པར་འགྱུར། རང་གི་མདས་དེ་དག་རྟོལ་ཞིང་གསོད་པར་འགྱུར། ༩ དེ་ནི་འཇབ་ཅིང་སེང་གེ་ལྟར་ཉལ་ནས་འདུག སེང་གེ་མོ་ལྟར་ཉལ་བས་སུས་དེ་སློང་བར་འགྱུར། ཁྱོད་ལ་བྱིན་རླབས་བྱེད་མཁན་ཚང་མ་བྱིན་གྱིས་རློབས་པར་འགྱུར། ཁྱོད་ལ་དམོད་པ་འབོར་མཁན་ཚང་མ་དམོད་པར་འགྱུར་ཞེས་སྨྲས་པ་དང་།༡༠ བ་ལག་གི་ཁྲོ་བ་ནི་བ་ལ་ཨམ་ལ་འབར་ནས། རང་གི་ལག་པ་གཅིག་གིས་གཅིག་ལ་བརྡུངས་ཏེ། བ་ལག་གིས་བ་ལ་ཨམ་ལ། ང་ལ་དགྲ་བྱེད་པ་རྣམས་ལ་དམོད་པ་བྱེད་པའི་ཕྱིར་ཁྱོད་ལ་བོས་ཀྱང་། ལྟོས། ཁྱོད་ཀྱིས་དེ་དག་ལ་ད་ལན་གསུམ་བྱིན་རླབས་བྱས་སོ། ༡༡ དེའི་ཕྱིར་ད་ཁྱོད་རང་གི་གནས་སུ་བྲོས་ཤིག ངས་ཁྱོད་ཀྱི་གོ་ས་མཐོ་བར་བྱའོ་བསམས་ཀྱང་། ཀྱེ་ཧོ། ཡ་ཧོ་ཝཱས་ཁྱོད་ལ་དེ་མ་གནང་ངོ་སྨྲས་ནས། ༡༢ བ་ལ་ཨམ་གྱིས་བ་ལག་ལ། ཁྱོད་ཀྱིས་ངའི་རྩར་བཏང་བའི་བང་ཆེན་རྣམས་ལ་ཡང་། ༡༣ གལ་ཏེ་བ་ལག་གིས་རང་གི་ཁང་པ་དངུལ་དང་གསེར་གྱིས་གང་ཡོད་པ་ང་ལ་སྟེར་ན་ཡང་། ཡ་ཧོ་ཝཱའི་བཀའ་ལས་ཐལ་ཏེ་རང་དགར་ངའི་བློ་ལ་རྟེན་ཏེ་བཟང་བའམ་ངན་པ་བྱེད་མི་ཐུབ། ཡ་ཧོ་ཝཱས་ཅི་གསུང་བ་དེ་ངས་བྱེད་དགོས་མ་ཟེར་ཏམ།
༡༤ ཡང་ལྟོས་ཤིག ང་ནི་ངའི་མི་བརྒྱུད་ཀྱི་རྩར་འགྲོའོ། ཤོག་ལ། ཕྱི་མའི་དུས་ཤིག་ལ་འདི་མི་ཚོས་ཁྱོད་ཀྱི་མི་བརྒྱུད་ལ་གང་བྱེད་ཡོང་ཁྱོད་ལ་བསྟན་པར་བྱའོ། ༡༥ ཡང་ཁོང་ནི་རང་གི་གཏམ་དཔེའི་ནང་འདི་སྐད་དུ། བེ་ཨོར་གྱི་བུ་བ་ལ་ཨམ་གྱིས་འདི་ན་རེ། མིག་བཙུམ་ཡོད་པའི་སྐྱེས་པས་འདི་སྐད་དུ། ༡༦ དཀོན་མཆོག་གི་བཀའ་རྣམས་ཐོས་པ་དེས་འདི་ན་རེ། དཀོན་མཆོག་གི་ཡེ་ཤེས་དང་ལྡན་ཏེ། བླ་ན་མེད་པའི་གཟིགས་སྣང་དང་ལྡན་པ། ཕྱག་འཚལ་བ་དང་དེའི་མིག་ནི་ཕྱེས་ཡོད་དེ། ༡༧ ངས་ཁོང་མཐོང་ཡོང་ཡང་ད་ལྟ་ནི་མི་མཐོང་། ངས་ཁོང་མཇལ་ཡོང་ཡང་ཉེ་མོ་ནས་མི་མཇལ། ཡ་ཀོབ་ཀྱི་ནང་ནས་སྐར་མ་ཞིག་འཐོན་འོང་། ཨིས་ར་ཨེལ་གྱི་ནང་ནས་དབང་དབྱུག་ཅིག་འཐོན་འོང་ཞིང་། མོ་ཨབ་ཀྱི་ཟུར་རྣམས་འཇོམས་པར་བྱ། འཁྲུག་བྱེད་ཀྱི་བུ་ཀུན་འཇོམས་པར་བྱ། ༡༨ ཡང་དེའི་དགྲ་བོ་ཨེ་དོམ་དང་སེ་ཨིར་གཉིས་པོ་དེས་བདོག་པར་འགྱུར། ཨིས་ར་ཨེལ་གྱིས་དཔའ་རྩལ་སྟོན་པར་བྱེད། ༡༩ ཡ་ཀོབ་ཀྱི་ནང་ནས་མངའ་བདག་དེ་ནི་འཐོན་པར་འགྱུར་ཞིང་། གྲོང་ཁྱེར་གྱི་ཕྱི་ལུས་རྣམས་ནི་སྣུབ་པར་བྱའོ་ཞེས་སྨྲས་སོ། ༢༠ ཡང་དེས་ཨ་མ་ལེག་ལ་བལྟས་ནས་དེས་རང་གི་གཏམ་དཔེ་ནང་འདི་སྐད་དུ། མི་བརྒྱུད་རྣམས་ཀྱི་ནང་ན་ཨ་མ་ལེག་ནི་དང་པོ་ཡོད་པ་ཡིན། འོན་ཀྱང་དེའི་མཐའ་མ་ནི་སྟོངས་པ་ཡིན། ༢༡ ཡང་ཀེ་ནི་པ་རྣམས་ལ་བལྟས་ཏེ་ཁོང་གིས་རང་གི་གཏམ་དཔེ་ནང་འདི་ན་རེ། ཁྱོད་ཀྱི་གནས་ས་བཙན་པོ་ཡོད། ཁྱོད་ཀྱི་ཚང་ནི་བྲག་ནང་བྱས་ནས་འདུག ༢༢ ཡིན་ཀྱང་ཨ་སུར་གྱིས་ཁྱོད་བཙོན་དུ་འཁྱེར་བའི་བར་དུ། ཀེ་ནི་སྟོངས་པར་འགྱུར་རོ། ༢༣ ཡང་ཁོང་གིས་རང་གི་གཏམ་དཔེའི་ནང་འདི་ལྟར་དུ། ཀྱེ་མ། དཀོན་མཆོག་གིས་འདི་ལྟར་མཛད་དུས་ལ་སུ་གསོན་འོང་། ༢༤ འོན་ཀྱང་ཀི་ཐིམ་གྱི་འགྲམ་ནས་གྲུ་རྣམས་འོང་འགྱུར་ཞིང་། ཨ་སུར་་ཨེ་བེར་གཉིས་པོ་མནར་འཇུག་འོང་། དེ་ནས་དེ་རང་ཡང་མེད་པར་འགྱུར།
༢༥ དེ་ནས་བ་ལ་ཨམ་ལངས་ནས་རང་ཡུལ་དུ་ལོག་པ་དང་། བ་ལག་ཀྱང་རང་གི་ལམ་དུ་ཞུགས་ནས་སོང་ངོ་༎