༢༢
ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཆས་ཏེ་ལམ་དུ་ཞུགས་པ་དང་། ཡོར་དན་གྱི་ཕ་རོལ་དུ་མོ་ཨབ་ཀྱི་ཐང་ལ་ཡེ་རི་ཀོའི་རྩར་སྒར་བཏབ་བོ༎
 ཡང་ཚིབ་ཕོར་གྱི་བུ་བ་ལག་བྱ་བ་དེས་ཨིས་ར་ཨེལ་གྱིས་ཨ་མོར་པ་རྣམས་ལ་ཅི་བྱས་པ་མཐོང་ངོ་།  ཡང་མི་སྡེ་དེ་མང་པོ་ཡོད་པས་མོ་ཨབ་འཇིགས་སྐྲག་སྟེ། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་རྐྱེན་གྱིས་མོ་ཨབ་ལ་སྡུག་བསྔལ་ཆེན་པོ་བྱུང་ངོ་།  ཡང་མོ་ཨབ་ཀྱིས་མིད་ཨན་པའི་རྒན་པ་རྣམས་ལ། གླང་གིས་ཐང་གི་རྩྭ་ཟ་བ་ལྟར་དཔུང་ཚོགས་འདིས་ངེད་ཀྱི་ཉེ་འཁོར་པ་ཐམས་ཅད་ཟ་ཡོང་། དེ་དུས་སུ་ཚིབ་ཕོར་གྱི་བུ་བ་ལག་ནི་མོ་ཨབ་ཀྱི་རྒྱལ་པོ་ཡོད་པ་ཡིན།  དེས་ནི་བེ་ཨོར་གྱི་བུ་བ་ལ་ཨམ་བྱ་བ་གཙང་པོའི་འགྲམ་དུ་ཡོད་པའི་ཕེ་ཐོར་དུ་ཁོའི་མིའི་བརྒྱུད་ཀྱི་ཡུལ་དུ་བང་ཆེན་རྣམས་བཏང་སྟེ། དེ་ལ་ཤོག་ཟེར་ཞིང་སྨྲས་པ། ལྟོས་ཤིག མི་སེར་ཡུལ་ནས་ཡོངས་པའི་མི་སྡེ་ཞིག་འདུག ལྟོས་ཤིག དེ་དག་གིས་སའི་ངོས་འགེབས་ཤིང་། ད་ངའི་ཐད་ཀ་ལ་སྡོད་པས།  དེ་དག་ང་ལས་སྟོབས་ཆེ་བས། ཕེབས་ཤིག་དང་། མི་སྡེ་དེ་ལ་སྨོན་ལོག་འདེབས་བར་བྱོས་ཤིག དེ་ནས་ང་དེ་དག་ལས་རྒྱལ་ཞིང་། རང་ཅག་ཚང་མས་ཁོ་རྣམས་ཡུལ་ནས་སྐྲོད་པའང་སྲིད། གང་ལ་ཞེ་ན། ཁྱོད་ཀྱིས་སུ་ལ་བྱིན་གྱིས་རློབས་པ་དེ་བྱིན་གྱིས་བརླབས། ཁྱོད་ཀྱིས་སུ་ལ་དམོད་འབོར་བ་དེ་དམོད་པ་རུ་འགྱུར་བས་སོ་ཞེས་ཞུས་སོ༎
 ཡང་མོ་ཨབ་དང་མིད་ཨན་གྱི་རྒན་པ་རྣམས་མངོན་ཤེས་ཀྱི་རྔན་པ་ལག་པ་འཁུར་ནས་ཆས་པ་དང་། བ་ལ་ཨམ་གྱི་རྩར་བསླེབས་ནས་བ་ལག་གི་ཕྲིན་དེ་ལ་སྤྲད་དོ།  དེས་ཁོ་རྣམས་ལ་སྨྲས་པ། ཞག་སྡོད་བྱོས་ལ། ཡ་ཧོ་ཝཱས་ང་ལ་གང་གསུང་བ་བཞིན་དུ་ཁྱེད་ལ་ལོན་ཟེར་ཡོང་། ཡང་མོ་ཨབ་ཀྱི་གཙོ་ཆེ་རྣམས་བ་ལ་ཨམ་དང་མཉམ་དུ་བསྡད་དོ།  ཡང་ཡ་ཧོ་ཝཱ་བ་ལ་ཨམ་གྱི་རྩར་བྱུང་ནས་གསུངས་པ། ཁྱོད་དང་མཉམ་དུ་སྡོད་པའི་མི་རྣམས་སུ་ཡིན། ༡༠ བ་ལ་ཨམ་གྱིས་དཀོན་མཆོག་ལ། ཚིབ་ཕོར་གྱི་བུ་བ་ལག་་མོ་ཨབ་ཀྱི་རྒྱལ་པོས་ང་ལ་ཕྲིན་བསྐུར་ནས། ༡༡ མི་སེར་ཡུལ་ནས་ཡོངས་པའི་མི་སྡེས་སའི་ངོས་འགེབས་སོ། ད་ཤོག་ལ། ངའི་དོན་དུ་མི་དེ་རྣམས་ལ་སྨོན་ལོག་འདེབས་ཤིག་དེ་ནས་ངས་དེ་ཚོ་ལ་དམག་འཐབ་ཅིང་སྐྲོད་ཐུབ་པའང་སྲིད་ཅེས་ཟེར་བྱུང་ཞུས་སོ། ༡༢ དཀོན་མཆོག་གིས་བ་ལ་ཨམ་ལ། ཁྱོད་དེ་དག་དང་མཉམ་དུ་མ་འགྲོ། མི་སྡེ་དེ་ལ་ངན་འདེབས་པར་མི་དགོས། དེ་དག་བྱིན་གྱིས་བརླབས་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། ༡༣ བ་ལ་ཨམ་སྔ་མོ་ལངས་ནས་བ་ལག་གི་ཇོ་བོ་རྣམས་ལ། ང་ཁྱེད་དང་མཉམ་དུ་འགྲོ་བ་ལ་ཡ་ཧོ་ཝཱས་དགོངས་པ་མ་གནང་བས་ཁྱེད་ཅག་རང་ཡུལ་དུ་ལོག་སོང་ཟེར་ཏོ། ༡༤ ཡང་མོ་ཨབ་ཀྱི་ཇོ་བོ་རྣམས་ཆས་ཏེ་བ་ལག་གི་རྩར་ཕྱིན་ནས་དེ་ལ་སྨྲས་པ། བ་ལ་ཨམ་ངེད་དང་མཉམ་དུ་ཡོང་མ་ཉན།
༡༥ ཡང་བ་ལག་གིས་དེ་དག་ལས་ད་དུང་ཇོ་བོ་མང་པོ་དང་ལྷག་པར་སྙན་གྲགས་ཅན་རྣམས་བཏང་ངོ་། ༡༦ ཡང་དེ་དག་བ་ལ་ཨམ་གྱི་དྲུང་དུ་ཕྱིན་ནས་དེ་ལ་སྨྲས་པ། ཚིབ་ཕོར་གྱི་བུ་བ་ལག་གིས་ཁྱེད་ལ། ཁྱོད་ངའི་རྩར་ཕེབས་པ་དེ་གང་གིས་ཀྱང་འགེགས་པར་མ་གནང་ཞེས་གསོལ་ལོ། ༡༧ ངས་ཁྱོད་ཀྱི་གོ་ས་ཤིན་ཏུ་མཐོ་བར་བྱ། ཁྱོད་ཀྱིས་ང་ལ་གང་གསུང་བ་བཞིན་དུ་བྱེད་པར་བྱའོ། དེའི་ཕྱིར་ངའི་རྩར་ཕེབས་ལ། མི་སྡེ་འདི་ལ་དམོད་པ་བོར་ཞིག་གསོལ་ཏོ། ༡༨ ཡང་བ་ལ་ཨམ་གྱིས་བ་ལག་གི་གཡོག་པོ་རྣམས་ལ་ཟེར་པ། བ་ལག་གིས་རང་གི་ཁང་པ་དངུལ་དང་གསེར་ནས་གང་བ་དེ་ང་ལ་གནང་ཡང་། ངས་ཡ་ཧོ་ཝཱ་ངའི་དཀོན་མཆོག་གི་བཀའ་ལས་ཐལ་ཏེ་མང་ཉུང་ཅིའང་བྱེད་པར་མི་ནུས། ༡༩ དེའི་ཕྱིར་ཡ་ཧོ་ཝཱས་ང་ལ་ད་རུང་ཅི་ཅི་གསུང་ཡོང་ཤེས་པའི་ཕྱིར་ཁྱེད་མཚན་འདི་ལ་ཡང་སྡོད་ཅིག ༢༠ ཡང་མཚན་ལ་དཀོན་མཆོག་བ་ལ་ཨམ་གྱི་རྩར་བྱུང་ནས་གསུངས་པ། མི་དེ་ཁྱོད་ལ་ཤོག་ཟེར་བའི་དོན་དུ་ཡོངས་པ་ཡིན་ན། ཡར་ལངས་ནས་དེ་དག་དང་མཉམ་དུ་སོང་ཞིག འོན་ཀྱང་ངས་ཁྱོད་ལ་ཅི་གསུང་བ་དེ་ཀ་བཞིན་བྱོས་ཤིག་ཅེས་གསུངས་སོ༎
༢༡ ཡང་བ་ལ་ཨམ་སྔ་མོ་ལངས་ནས། རང་གི་བོང་མོ་ལ་སྒ་བརྒྱབས་ཏེ། མོ་ཨབ་ཀྱི་ཇོ་བོ་རྣམས་དང་མཉམ་དུ་སོང་ངོ་། ༢༢ འོན་ཀྱང་ཁོ་སོང་བའི་དོན་དུ་དཀོན་མཆོག་གི་ཐུགས་ཁྲོ་འབར་ནས། ཡ་ཧོ་ཝཱའི་ཕོ་ཉ་ཕེབས་ཏེ་དེ་ལ་དགྲ་བྱེད་པའི་ཕྱིར་ལམ་དུ་འགྲེང་ངོ་། ད་དེ་ནི་རང་གི་བོང་མོ་ལ་ཞོན་ཏེ། རང་གི་གཡོག་པོ་གཉིས་མཉམ་དུ་ཡོད་པ་ཡིན། ༢༣ ཡང་བོང་མོས་ཡ་ཧོ་ཝཱའི་ཕོ་ཉ་ཕྱག་ཏུ་རལ་གྲི་རྗེན་པ་ཡོད་ཅིང་ལམ་ལ་འགྲེང་བར་མཐོང་བས། བོང་མོ་ནུར་ཏེ་ལམ་ནས་ཞིང་དུ་སོང་ངོ་། ཡང་བ་ལ་ཨམ་གྱིས་བོང་མོ་ལམ་ལ་སྒྱུར་བའི་ཕྱིར་བརྡུངས་སོ། ༢༤ ཡང་ཡ་ཧོ་ཝཱའི་ཕོ་ཉ་རྒུན་ཚལ་རྣམས་ཀྱི་བར་དུ་ལམ་དོག་པོ་ལོགས་རེ་ལ་ར་བ་ཡོད་པ་དེར་ཕེབས་ནས་འགྲེང་ངོ་། ༢༥ བོང་མོས་ཡ་ཧོ་ཝཱའི་ཕོ་ཉ་མཐོང་ཞིང་ར་བའི་ཕྱོགས་སུ་འཚང་བ་དང་། བ་ལ་ཨམ་གྱི་རྐང་པ་ར་བས་བཙིར་ཏོ། ད་རུང་ལྷག་པར་བརྡུངས་སོ། ༢༦ ཡ་ཧོ་ཝཱའི་ཕོ་ཉ་ད་རུང་ཕར་ཙམ་ཕེབས་ནས། གཡས་གཡོན་དུ་ནུར་མི་ཐུབ་པའི་ས་དོག་པོ་ཞིག་ལ་འགྲེང་ངོ་། ༢༧ བོང་མོས་ཡ་ཧོ་ཝཱའི་ཕོ་ཉ་མཐོང་སྟེ། བ་ལ་ཨམ་གྱི་གཡོག་ལ་ཉལ་ལོ། ད་བ་ལ་ཨམ་གྱི་སེམས་ཁྲོ་འབར་ཞིང་དབྱུག་པས་བོང་མོ་ལ་བརྡུངས་སོ། ༢༨ དེར་ཡ་ཧོ་ཝཱས་བོང་བུའི་ཁ་ཕྱེས་པ་དང་། དེས་བ་ལ་ཨམ་ལ། ད་ཁྱོད་ཀྱིས་ང་ལ་ལན་གསུམ་བརྡུངས་པ་ཡིན་པས། ངས་ཁྱོད་ལ་ཅི་བྱས་སྨྲས། ༢༩ བ་ལ་ཨམ་གྱིས་བོང་མོ་ལ་ཟེར་པ། ཁྱོད་ང་ལ་མ་ཉན་པའི་ཕྱིར་རོ། ངའི་ལག་པ་ལ་རལ་གྲི་ཞིག་ཡོད་པ་ཡིན་ན། ཁྱོད་ད་ལྟ་བསད་པ་ཡིན། ༣༠ ཡང་བོང་བུས་བ་ལ་ཨམ་ལ། ང་ནི་ཁྱོད་ཀྱི་བོང་བུ་མ་ཡིན་ནམ། ཁྱོད་དེ་རིང་གི་ཞག་གི་བར་དུ་ཚེ་གང་ང་ལ་མ་ཞོན་ནམ། གང་གི་དུས་སུ་ངས་ཁྱོད་ལ་འདི་ལྟར་བྱས་སམ་ཟེར་ནས་དེས། མ་བྱས་ཟེར་ཏོ༎
༣༡ དེ་ནས་ཡ་ཧོ་ཝཱས་བ་ལ་ཨམ་གྱི་མིག་ཕྱེས་པ་དང་། ཁོས་ཡ་ཧོ་ཝཱའི་ཕོ་ཉ་ཕྱག་ཏུ་རལ་གྲི་རྗེན་པ་ཡོད་པར་མཐོང་ནས། ཁ་འབུབ་ཏུ་འགྱེལ་ཞིང་ཕྱག་བཙལ་ཏོ། ༣༢ ཡང་ཡ་ཧོ་ཝཱའི་ཕོ་ཉས་དེ་ལ། ཁྱོད་ཅིའི་ཕྱིར་རང་གི་བོང་བུ་དེ་ལན་གསུམ་བརྡུངས། ལྟོས་ཤིག ང་ནི་ཁྱོད་ལ་སྡང་དུ་འོངས་པ་ཡིན། ཅི་ལ་ཟེར་ན། ཁྱོད་ཀྱི་ལམ་ངའི་མིག་གི་མདུན་དུ་མགོ་ལོག་ཡིན། ༣༣ བོང་བུས་ང་མཐོང་བས། ལན་གསུམ་ནུར། མ་ནུར་པ་ཡིན་ན། ངས་ཁྱོད་རྩ་ནས་བསད་ནས། བོང་མོའི་སྲོག་ཐར་དུ་བཅུག་པ་ཡིན། ༣༤ ཡང་བ་ལ་ཨམ་གྱིས་ཡ་ཧོ་ཝཱའི་ཕོ་ཉ་ལ་གསོལ་པ། ངས་སྡིག་པ་བྱས་སོ། གང་ལ་ཞེ་ན། ཁྱེད་ཀྱིས་ངའི་ལམ་བཀག་པ་ངས་མ་ཤེས། ད་ཁྱེད་དེ་ལ་ཐུགས་མི་དགའ་ན་ང་ལོག་འགྲོ། ༣༥ ཡ་ཧོ་ཝཱའི་ཕོ་ཉས་བ་ལ་ཨམ་ལ་བཀའ་སྩལ་པ། མི་དེ་དག་དང་མཉམ་དུ་སོང་ཞིག འོན་ཀྱང་ངས་ཁྱོད་ལ་ཟེར་བར་བྱ་བའི་བཀའ་མིན་པ་གཞན་ཅིའང་མ་ཟེར་ཞེས་གསུངས་པ་དང་། བ་ལ་ཨམ་ནི་བ་ལག་གི་ཇོ་བོ་རྣམས་དང་མཉམ་དུ་སོང་ངོ་༎
༣༦ བ་ལག་གིས་བ་ལ་ཨམ་ཡོང་འདུག་ཟེར་བ་ཐོས་ནས། མོ་ཨབ་ཀྱི་གྲོང་ཁྱེར་ཨར་ནོན་གྱི་མཐའ་ནས་ཞེ་ན། ཐམས་ཅད་ལས་གཞུག་ལ་ཡོད་པའི་ས་མཚམས་ཀྱི་བར་དུ་བསུ་བར་སོང་ངོ་། ༣༧ ཡང་བ་ལག་གིས་བ་ལ་ཨམ་ལ། ངས་ཁྱོད་ཀྱི་དྲུང་དུ་ཨུ་ཚུགས་བྱས་ནས་མི་མ་བཏང་ངམ། གང་གི་དོན་དུ་ངའི་རྩར་མ་ཡོངས། ངས་ཁྱོད་ལ་ངོ་ཐོག་གོ་ས་མཐོན་པོར་བྱེད་མི་ཐུབ་བམ་ཞེས་ཟེར་ཏོ། ༣༨ བ་ལ་ཨམ་གྱིས་བ་ལག་ལ་སྨྲས་པ། ལྟོས་ཤིག ད་ཁྱོད་ཀྱི་རྩར་ཡོངས་པ་ཡིན། ད་ལྟ་ང་ལ་ཅི་ཞིག་སྨྲ་བའི་དབང་ཡོད་དམ། དཀོན་མཆོག་གིས་གང་བཀའ་ངའི་ཁ་རུ་གནང་བ་དེ་ངས་སྨྲ་བར་བྱའོ། ༣༩ ཡང་བ་ལ་ཨམ་་བ་ལག་དང་ལྷན་ཅིག་ཏུ་སོང་བ་དང་། ཁོང་གཉིས་ཁིར་ཡད་ཧུ་ཚོད་བྱ་བ་དེར་བསླེབས་སོ། ༤༠ ཡང་བ་ལག་གིས་གླང་དང་ལུག་རྣམས་མཆོད་པར་འབུལ་བ་དང་། བ་ལ་ཨམ་དང་དེ་དང་མཉམ་དུ་ཡོད་པའི་ཇོ་བོ་རྣམས་ལ་མི་བཏང་ངོ་༎
༤༡ ཡང་སྔ་དྲོ་ལ་བ་ལག་གིས་བ་ལ་ཨམ་བ་ཨཱལ་གྱི་མཐོ་གླིང་རྣམས་ལ་ཁྲིད་དེ། ས་ཆ་དེ་ནས་ཁོས་མི་སྡེ་དེའི་རྟིང་མཇུག་དེ་མཐོང་ངོ་༎