༢༡
ཡང་ཀ་ན་ཨན་པ་ལྷོ་ཕྱོགས་སུ་གནས་པའི་ཨ་རཱད་ཀྱི་རྒྱལ་པོ་དེས་ཨིས་ར་ཨེལ་་ཨ་ཐ་རིམ་གྱི་ལམ་ནས་ཡོང་འདུག་ཟེར་བ་ཐོས་ནས། ཨིས་ར་ཨེལ་ལ་དམག་འཐབ་པ་དང་། མི་ཁ་ཤས་བཙོན་དུ་བཟུང་ངོ་། ༢ དེར་ཨིས་ར་ཨེལ་གྱིས་ཡ་ཧོ་ཝཱ་ལ་དམ་བཅའ་ཞིག་བཅས་ཏེ། ཁྱེད་ནི་ངོ་ཐོག་མི་ཚོ་དེ་ངའི་ལག་ཏུ་གནང་བར་མཛད་ན། ངས་དེ་དག་གི་གྲོང་ཁྱེར་རྣམས་མེད་པར་བྱའོ་ཞེས་ཞུས་སོ། ༣ ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་ཞུ་སྐད་ལ་གསན་ཞིང་། ཀ་ན་ཨན་པ་རྣམས་དེ་ཚོའི་ལག་ཏུ་གནང་ནས། དེ་དག་དང་དེ་དག་གི་གྲོང་ཁྱེར་རྣམས་རྩ་ནས་བཤིག ཡང་གནས་དེའི་མིང་ནི་ཧོར་མཱ་ཞེས་བཏགས་སོ༎༤ ཡང་ལམ་དུ་ཞུགས་ནས་ཨེ་དོམ་ཡུལ་འཁོར་ནས་འགྲོ་བའི་ཕྱིར་རི་བོ་ཧོར་ནས་རྒྱ་མཚོ་དམར་པོའི་ལམ་ནས་སོང་ངོ་། ཡང་ལམ་གྱི་ཕྱིར་མི་ཚོ་སྐྱོ་ཞིང་ཡི་ཆད་ནས། ༥ དཀོན་མཆོག་དང་མོ་ཤེ་གཉིས་ལ་རྒོལ་ཚིག་ཞུ་ཞིང་སྨྲས་པ། ཁྱེད་ཀྱིས་ང་ཚོ་འཆི་བའི་དོན་དུ་མི་སེར་གྱི་ནང་ནས་འབྲོག་སྟོང་དུ་ཁྲིད། བག་ལེབ་ཀྱང་མེད་ཆུ་ཡང་མེད་དེ། བག་ལེབ་ངན་པ་དེ་ང་ཚོའི་སེམས་ཀྱིས་ཞེན་ལོག་གོ་སྨྲས་པས། ༦ ཡ་ཧོ་ཝཱས་མེ་ལྟ་བུའི་སྦྲུལ་རྣམས་མི་སྡེའི་ཁྲོད་དུ་བཏང་ནས། དེ་དག་གིས་མི་རྣམས་ལ་འཐམས་པ་དང་། ཨིས་ར་ཨེལ་གྱི་མི་མང་པོ་ཤིའོ། ༧ ཡང་མི་ཚོ་ཡོངས་ཏེ་མོ་ཤེ་ལ། ངེད་ཀྱིས་ཡ་ཧོ་ཝཱ་དང་ཁྱེད་ལ་འཁྲུག་པ་བྱས་པས། སྡིག་པ་བྱས། ཡ་ཧོ་ཝཱས་སྦྲུལ་དེ་རྣམས་ངེད་ནས་འཁྱེར་བར་མཛད་པའི་ཕྱིར་ཁྱེད་ཀྱིས་ཁོང་ལ་གསོལ་བ་ཐོབ་ཅིག་ཞུས་པ་དང་། མོ་ཤེས་མི་རྣམས་ཀྱི་དོན་དུ་གསོལ་བ་བཏབ་བོ། ༨ དེ་ནས་ཡ་ཧོ་ཝཱས་མོ་ཤེ་ལ། མེ་ལྟ་བུའི་སྦྲུལ་ཞིག་བཟོས་ཤིག་དང་། དེ་མདུང་གི་ཁར་འཕྱར་བར་བྱོས། དེ་ནས་འཐམས་པའི་མི་རེ་རེས་དེ་ལ་ལྟ་བའི་དུས་སུ་གསོན་པར་འགྱུར་གསུངས་ནས། ༩ མོ་ཤེས་ཟངས་ཀྱི་སྦྲུལ་ཞིག་བཟོས་ནས་མདུང་གི་ཁར་བཏགས་སོ། དེ་ནས་སྦྲུལ་གྱིས་འཐམས་པའི་མི་སུ་ཡིན་ཀྱང་། ཟངས་ཀྱི་སྦྲུལ་ལ་ནམ་ལྟ་བ་དང་གསོན་པོར་ལུས།
༡༠ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཆས་པ་དང་། ཨོ་བོད་བྱ་བའི་གནས་ལ་སྒར་བཏབ་བོ། ༡༡ ཡང་ཨོ་བོད་ནས་ལམ་དུ་ཞུགས་པ་དང་། མོ་ཨབ་ཀྱི་རྩར་འབྲོག་སྟོང་དུ་ཡོད་པའི་ཨི་ཡེ་ཨ་བ་རིམ་ཟེར་བའི་གནས་ཀྱི་ཤར་ཕྱོགས་སུ་སྒར་བཏབ་བོ། ༡༢ དེ་ནས་ཆས་ཏེ་ལུང་པ་སེ་རེད་ལ་སྒར་བཏབ་བོ། ༡༣ དེ་ནས་ཁོ་རྣམས་ལམ་དུ་ཞུགས་ནས་ཨར་ནོན་ཆུ་བའི་ཕ་རོལ་ཏུ་སྒར་བཏབ་བོ། དེ་ནི་ཨ་མོར་པ་རྣམས་ཀྱི་མཐའ་འཁོར་གྱི་ནང་ནས་འབྱུང་བའི་འབྲོག་སྟོང་ན་ཡོད། ཨར་ནོན་དེ་ནི་མོ་ཨབ་དང་ཨ་མོར་པ་རྣམས་ཀྱི་བར་ལ་ས་མཚམས་ཡིན་པའི་ཕྱིར་རོ། ༡༤ གང་གི་དོན་དུ་ཡ་ཧོ་ཝཱའི་དམག་རྣམས་ཀྱི་ལོ་རྒྱུས་ཀྱི་དཔེ་ཆའི་ནང་ན་འདི་སྐད་དུ། སུ་ཕཱའི་ནང་ན་ཝ་ཧེབ་དང་། ཨར་ནོན་གྱི་ལུང་པ་རྣམས་དང་། ༡༥ ལུང་པ་རྣམས་ཀྱི་ཐུར་འབབ་ནི། ཨཱར་ཡུལ་ཕྱོགས་སུ་འབབ། མོ་ཨབ་ཀྱི་ས་མཚམས་ལ་རྟེན་ནོ༎
༡༦ དེ་ནས་དེ་དག་བེ་ཨེར་༼བོད་སྐད་དུ་ཁྲོན་པ་༽རུ་སོང་། གང་གི་ཕྱིར་ཡ་ཧོ་ཝཱས་མོ་ཤེ་ལ། མི་ཚོ་ནི་སྡུས་ཤིག་དང་། དེ་དག་ལ་ཆུ་སྟེར་ཡོང་། ཞེས་གསུངས་པའི་ཁྲོན་པ་དེ་རང་ཡིན། ༡༧ དེར་ཨིས་ར་ཨེལ་གྱིས་དབྱངས་འདི་བླངས། ཀྱེ་ཁྲོན་པ་འཕར་བར་བྱོས། དེའི་ཕྱིར་གླུ་ལེན་ཅིག ༡༨ གཙོ་ཆེ་རྣམས་ཀྱིས་བྲུས་པའི་ཁྲོན་པ་དང་མི་སྡེའི་སྐུ་དྲག་རྣམས་ཀྱི་དབང་དབྱུག་དང་འཁར་བས་བྲུས་པའི་ཁྲོན་པ་ཡིན། ཡང་འབྲོག་སྟོང་ནས་ཁོ་རྣམས་མད་ཐ་ནཱ་རུ་སོང་། ༡༩ མད་ཐ་ནཱ་ནས་ན་ཧ་ལི་ཨེལ་དང་། ན་ཧ་ལི་ཨེལ་ནས་བ་མོ་དཱ་རུ། ༢༠ བ་མོ་དཱ་ནས་མོ་ཨབ་ཀྱི་ས་ཆ་ལ་ཡོད་པའི་ལུང་པ་རྒྱུད་དེ། མར་འབྲོག་སྟོང་དུ་ལྟ་བའི་རི་ཕིས་ཀཱ་དེའི་རྩེ་ལ་སོང་ངོ་༎
༢༡ ཡང་ཨིས་ར་ཨེལ་གྱིས་ཨ་མོར་པའི་རྒྱལ་པོ་སི་ཧོན་ལ་བང་ཆེན་རྣམས་བཏང་སྟེ་ཟེར་པ། ༢༢ ཁྱོད་ཀྱི་ཡུལ་རྒྱུད་དེ་ལམ་གནོང་ཞིག ངེད་ནི་ཞིང་ངམ། རྒུན་ཚལ་གྱི་ནང་དུ་མི་འགྲོ། ཁྲོན་པའི་ཆུ་ཡང་མི་འཐུང་། ངེད་ཁྱོད་ཀྱི་ཡུལ་གྱི་ས་མཚམས་ནས་འཐོན་པའི་བར་དུ་རྒྱལ་པོའི་རྒྱ་ལམ་ནས་འགྲོ་བར་བྱའོ། ༢༣ སི་ཧོན་གྱིས་རང་གི་ས་མཚམས་ནས་འགྲོ་བའི་ཕྱིར་ཨིས་ར་ཨེལ་ལ་ལམ་གཏོང་བར་མ་དགའ། འོན་ཀྱང་དེས་རང་གི་མི་ཐམས་ཅད་འཛོམ་བཅུག་ནས། ཕྱི་རུ་བྱུང་བ་དང་། ཨིས་ར་ཨེལ་ལ་དམག་འཐབ་པའི་ཕྱིར་འབྲོག་སྟོང་དུ་ཡ་ཧཱས་བྱ་བ་ལ་བསླེབས་ནས། ཨིས་ར་ཨེལ་ལ་དམག་འཐབ་བོ། ༢༤ ཡང་ཨིས་ར་ཨེལ་གྱིས་ཁོ་རལ་གྲིའི་ཁས་བརྡུངས་པ་དང་། ཨར་ནོན་ནས་ཡབ་བོག་ཅེ་ན་ཨམ་མོན་གྱི་བུ་ཚོའི་བར་དུ་དེའི་ཡུལ་བཟུང་། ཨམ་མོན་གྱི་བུ་ཚོའི་མཚམས་བཙན་པོ་ཡིན་པའི་ཕྱིར་རོ། ༢༥ ཡང་ཨིས་ར་ཨེལ་གྱིས་གྲོང་ཁྱེར་དེ་ཐམས་ཅད་བཟུང་ནས། ཨིས་ར་ཨེལ་ནི་ཧེས་བོན་བྱ་བ་རུ་ཨ་མོར་པའི་གྲོང་ཁྱེར་ཚང་མ་དང་གྲོང་ཚོ་ཐམས་ཅད་ལ་གནས་སོ། ༢༦ ཅི་ལ་ཞེ་ན། ཧེས་བོན་དེ་ནི་ཨ་མོར་པ་རྣམས་ཀྱི་རྒྱལ་པོ་སི་ཧོན་གྱི་རྒྱལ་ས་ཡིན་པའི་ཕྱིར་རོ། དེས་ནི་མོ་ཨབ་དེའི་སྔོན་གྱི་རྒྱལ་པོ་ལ་དམག་དྲངས་ཏེ། དེའི་ཡུལ་ཨར་ནོན་བར་དུ་ཐམས་ཅད་བཟུང་ངོ་། ༢༧ དེའི་ཕྱིར་གཏམ་དཔེའི་སྒོ་ནས་ཟེར་བ་དག་གིས་འདི་སྐད་དུ། སི་ཧོན་གྱི་རྒྱལ་ས་ནི་བཟོ་ཞིང་བཙུགས་པའི་ཕྱིར་ཁྱེད་ནི་ཧེས་བོན་དུ་ཤོག ༢༨ གང་ལ་ཞེ་ན། ཧེས་བོན་ལས་མེ་ཞིག་ཐོན་བྱུང་། སི་ཧོན་གྱི་གྲོང་ཁྱེར་ལས་མེ་ལྕེ་ཞིག་བྱུང་། དེས་ནི་མོ་ཨབ་ཀྱི་ཨཱར་དང་། ཨར་ནོན་གྱི་སྒང་རྣམས་ཀྱི་ཇོ་དག་ཟོས་སོ། ༢༩ ཁྱོད་མོ་ཨབ་ནི་བཀྲ་མ་ཤིས། ཀེ་མོས་ཀྱི་མི་ཚོ་ཀྱེ་ཁྱེད་ནི་ཕམ། དེས་རང་གི་བུ་བཙོན་པ་ལྟར་བཏང་། རང་གི་བུ་མོ་རྣམས་ཨ་མོར་པའི་རྒྱལ་པོ་ལ་བཏད་དོ། ༣༠ ངེད་ཀྱིས་དེ་དག་ལ་མདའ་བརྒྱབས་ནས་དི་བོན་བར་དུ་ཧེས་བོན་ནི་ཚར་ཆད། གང་མེ་དེ་བཱ་ལ་ཐུག་པའི་ནོ་ཕཱའི་བར་དུ་སྟོངས་སུ་བཅུག་པ་ཡིན།
༣༡ དེ་ལྟར་ཨིས་ར་ཨེལ་་ཨ་མོར་པ་རྣམས་ཀྱི་ཡུལ་དུ་གནས་སོ། ༣༢ ཡང་ཡ་ཟེར་བྱ་བའི་ཡུལ་གྱི་ཚོད་ལེན་པའི་ཕྱིར་མོ་ཤེས་ལྟ་མཁན་རྣམས་བཏང་ནས། དེའི་གྲོང་ཁྱེར་རྣམས་བཟུང་བ་དང་། དེར་གནས་པའི་ཨ་མོར་པ་རྣམས་བསྐྲད་དོ། ༣༣ ཡང་ཁོ་རྣམས་ལོག་སྟེ་ཡར་བཱ་ཤན་ཡུལ་གྱི་ལམ་དུ་ཞུགས་སོ། བཱ་ཤན་ཡུལ་གྱི་རྒྱལ་པོ་ཨོག་བྱ་བ་དེས་ནི་རང་གི་མི་ཐམས་ཅད་དང་ཨེ་དྲེ་ཨི་བྱ་བར་དམག་འཐབ་པའི་དོན་དུ་ཕྱི་རུ་བྱུང་ངོ་། ༣༤ དེར་ཡ་ཧོ་ཝཱས་མོ་ཤེ་ལ། ངས་དེ་དག་དང་དེའི་མི་ཐམས་ཅད་དང་དེའི་ཡུལ་ཁྱོད་ཀྱི་ལག་ཏུ་བཏང་བས། མ་འཇིགས་ཤིག ཁྱོད་ཀྱིས་ཧེས་བོན་ལ་བསྡད་པའི་ཨ་མོར་པའི་རྒྱལ་པོ་སི་ཧོན་ལ་བྱས་པ་ལྟར་འདི་ལ་ཡང་བྱོས་ཤིག་ཅེས་གསུངས་སོ། ༣༥ ཡང་ཁོ་རྣམས་ཀྱིས་དེ་དང་དེའི་བུ་རྣམས་དང་དེའི་མི་ཐམས་ཅད་བསད་དེ། གཅིག་ཀྱང་མ་ལུས་སོ། ཡང་དེའི་ཡུལ་ལ་བདག་པོ་བྱས་སོ༎