༢༠
ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཆོས་ཚོགས་ཐམས་ཅད་འབྲོག་སྟོང་ཚིན་བྱ་བ་རུ་ཟླ་བ་དང་པོ་ལ་ཕྱིན་ནས། མི་ཚོ་ནི་ཁ་དཱེས་ལ་བསྡད་དོ། དེ་རུ་མིར་ཡམ་ཤི་ནས་དེ་རུ་བསྐུངས་སོ༎
 ཡང་གནས་དེ་ལ་ཆོས་ཚོགས་ཀྱི་ཕྱིར་ཆུ་མེད་པས། མོ་ཤེ་དང་ཨ་རོན་ལ་འཁྲུག་པ་བྱེད་པའི་ཕྱིར་འཛོམས་སོ།  ཡང་འཁྲུག་པ་བྱེད་ཅིང་མོ་ཤེ་ལ་ཟེར་པ། ང་ཚོའི་སྤུན་རྣམས་ཡ་ཧོ་ཝཱའི་དྲུང་དུ་ཤི་བའི་དུས་སུ་ངེད་ཀྱང་ཤི་བ་ཡིན་ན་ལེགས་སོ།  གང་གི་དོན་དུ་ཁྱེད་ཀྱིས་ངེད་ཡ་ཧོ་ཝཱའི་མི་ཚོ་རང་དང་རང་གི་ལུག་ཕྱུགས་འབྲོག་སྟོང་འདི་ན་འཆི་བའི་ཕྱིར་འདི་རུ་ཅི་ལ་ཁྲིད།  ཡང་གང་གི་དོན་དུ་ཁྱེད་ཀྱིས་ང་ཚོ་མི་སེར་ཡུལ་ནས་ས་ཆ་ངན་པ་འདི་རུ་འགྲོ་བར་ཅི་ལ་བྱས། འདི་ནི་ས་བོན་ནམ། སེ་ཡབ་བམ། རྒུན་ཤིང་ངམ། སེ་འབྲུའི་ས་ཆ་ཞིག་མི་འདུག འཐུང་བའི་ཆུ་ཡང་ཅིའང་མེད་དོ།  ཡང་མོ་ཤེ་དང་ཨ་རོན་མི་ཚོ་ནས་འདུན་མའི་གུར་མཆོག་གི་སྒོ་རུ་སོང་ནས་ཕྱག་བཙལ་བ་དང་། ཡ་ཧོ་ཝཱའི་གཟི་བརྗིད་ཁོ་རྣམས་ལ་བྱུང་ངོ་།  ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་གསུངས་པ།  ད་དབྱུག་པ་བླངས་ནས། ཆོས་ཚོགས་འདུ་བར་བྱོས་ལ། ཁྱོད་དང་ཁྱོད་ཀྱི་སྤུན་ཨ་རོན་དེ་དག་གི་མཐོང་ས་ལ་བྲག་གིས་རང་གི་ཆུ་སྟེར་བའི་ཕྱིར་དེ་ལ་སྨྲོས་ཤིག་དང་། ཁྱོད་ཀྱིས་བྲག་དེའི་ནང་ནས་དེ་དག་ལ་ཆུ་འདོན་པར་བྱ། དེ་ལྟར་ཁྱོད་ཀྱིས་ཆོས་ཚོགས་དང་དེའི་ལུག་ཕྱུགས་ལ་ཆུ་བླུད་པར་དགོས་སོ།  ཡང་མོ་ཤེས་ཡ་ཧོ་ཝཱའི་བཀའ་བཞིན་དུ་ཁོང་གི་དྲུང་ནས་དབྱུག་པ་དེ་བླངས་སོ༎
༡༠ ཡང་མོ་ཤེ་དང་ཨ་རོན་གྱིས་ཆོས་ཚོགས་བྲག་གི་འགྲམ་དུ་བསྡུས་ནས་ཁོ་རྣམས་ལ་སྨྲས་པ། ད་ཁྱེད་ངོ་ལོག་པ་དག་ད་ཉོན་ཅིག ངེད་ཀྱིས་བྲག་འདི་ནས་ཁྱེད་ཚོ་ལ་ཆུ་འདོན་པར་བྱའམ། ༡༡ དེ་ནས་མོ་ཤེས་ལག་པ་བཏེགས་ཏེ་དབྱུག་པས་བྲག་ལ་ལན་གཉིས་བརྡུངས་པ་དང་། ཆུ་མང་པོ་འཐོན་ཞིང་། ཆོས་ཚོགས་དང་དེའི་ལུག་ཕྱུགས་འཐུངས་སོ། ༡༢ དེར་ཡ་ཧོ་ཝཱས་མོ་ཤེ་དང་ཨ་རོན་གཉིས་ལ་གསུངས་པ། ཁྱེད་ཀྱིས་ང་ལ་དད་པ་མ་བྱས་པའི་སྒོ་ནས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་དྲུང་དུ་ང་དམ་པར་མ་བྱས་པས། དེའི་ཕྱིར་ཁྱོད་ཅག་གིས་མི་འདི་དག་ལ་ངས་གནང་བར་བྱ་བའི་ཡུལ་དུ་འཁྲིད་པར་མི་འགྱུར། ༡༣ དེ་ནི་མེ་རི་བཱ་བྱ་བའི་ཆུ་རྣམས་ཡིན། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱ་ལ་འཁྲུག་པ་བྱས་པས་ཁོང་གིས་ཁོ་རྣམས་ཀྱི་ངང་ནས་རང་དམ་པར་བསྟན་པའི་ཕྱིར་རོ༎
༡༤ ཡང་མོ་ཤེས་ཁ་དཱེས་ནས་ཨེ་དོམ་གྱི་རྒྱལ་པོ་ལ་བང་ཆེན་རྣམས་བཏང་ངོ་། ཁྱོད་ཀྱི་སྤུན་ཨིས་ར་ཨེལ་གྱིས་ཁྱོད་ལ་འདི་ལྟར་ཟེར། ང་ཅག་ལ་བྱུང་བའི་སྡུག་བསྔལ་ཐམས་ཅད་ཁྱོད་ཀྱིས་ཤེས་སོ། ༡༥ ཇི་ལྟར་ང་ཚོའི་མེས་པོ་རྣམས་མི་སེར་ཡུལ་དུ་མར་སོང་བ་དང་། ང་ཚོ་མི་སེར་ཡུལ་ན་ཡུན་རིང་པོ་ཞིག་བསྡད། མི་སེར་པ་རྣམས་ཀྱིས་ཐབས་ངན་བྱས་ཏེ་ངེད་དང་ངེད་ཀྱི་མེས་པོ་རྣམས་དཀའ་ལས་མང་པོས་མནན་ཏོ། ༡༦ ཡང་ང་ཅག་གིས་ཡ་ཧོ་ཝཱ་ལ་འོ་དོད་བཏང་སྟེ་གསོལ་བ་བཏབ་པའི་ཚེ། ཁོང་གིས་དེ་ཚོའི་སྐད་གསན་ནས་ཕོ་ཉ་ཞིག་མངགས་ཏེ། དེས་ང་ཚོ་མི་སེར་ཡུལ་ནས་ཁྲིད་དེ་ཐར་བར་མཛད་དོ། ད་ལྟོས་ཤིག ང་ཚོ་ད་ལྟ་ཁྱོད་ཀྱི་ཡུལ་གྱི་མཐའ་རུ་ཡོད་པའི་གྲོང་ཁྱེར་ཁ་དཱེས་ལ་ཡོད། ༡༧ ད་ཁྱོད་ཀྱི་ཡུལ་རྒྱུད་དེ་ངེད་ལ་ལམ་གནོང་དུ་ཞུའོ། ངེད་ནི་ཞིང་དང་རྒུན་ཚལ་རྒྱུད་དེ་མི་འགྲོ། ཁྱོད་ཀྱི་ཁྲོན་པ་རྣམས་ཀྱི་ཆུ་ཡང་མི་འཐུང་། རྒྱལ་པོའི་རྒྱ་ལམ་ལ་འགྲོ་བར་བྱ། ང་ཚོ་ཁྱོད་ཀྱི་ས་མཚམས་ནས་འཐོན་ཚར་བའི་བར་དུ་ལམ་གྱི་གཡས་གཡོན་དུ་སྒྱུར་བར་མི་བྱའོ། ༡༨ ཡང་ཨེ་དོམ་གྱིས་ཁོང་ལ་ཟེར་པ། ངའི་ཡུལ་རྒྱུད་དེ་ཁྱོད་འགྲོ་མི་དགོས། ཁྱོད་ལ་དམག་འཐབ་པ་ལ་ང་རལ་གྲི་དང་བཅས་པ་འཐོན་མི་དགོས་པའི་ཕྱིར་རོ། ༡༩ ཨིས་ར་ཨེལ་གྱི་བུ་ཚོས་ཁོ་ལ་ཟེར་པ། ངེད་རྒྱ་ལམ་ལ་ཡར་འགྲོ་བ་དང་། ངེད་དང་ངེད་ཀྱི་ལུག་ཕྱུགས་ཁྱོད་ཀྱི་ཆུ་ནས་འཐུང་ན། དེའི་རིན་ཁྱོད་ལ་གཏང་། གཞན་ཅིའང་མི་དགོས་ཏེ། རྐང་ཐང་ལ་ཡུལ་རྒྱུད་ཅིང་ངེད་འགྲོ་བར་གནོང་ཞིག ༢༠ ཁོས་ཡང་སྨྲས་པ། ཁྱོད་ཡུལ་རྒྱུད་དེ་འགྲོ་མི་དགོས་སོ། དེ་ནས་ཨེ་དོམ་མི་མང་པོ་དང་དབང་ཆེན་པོ་དང་བཅས་པ་ཁོ་རྣམས་འཐབ་པའི་ཕྱིར་ཕྱི་རུ་ཐོན་ནོ། ༢༡ དེ་ལྟར་ཨེ་དོམ་གིས་རང་གི་ཡུལ་རྒྱུད་དེ་ཨིས་ར་ཨེལ་ལ་ལམ་མ་བཏང་ངོ་། དེའི་ཕྱིར་ཨིས་ར་ཨེལ་གྱིས་ཁོ་བཞག་ནས་སོང་ངོ་༎
༢༢ ཡང་ཁོ་རྣམས་ཆས་དེ་ཁ་དཱེས་ནས་སོང་བ་དང་། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཆོས་ཚོགས་ཐམས་ཅད་ཧོར་ཟེར་བའི་རི་དེ་རུ་བསླེབས་སོ། ༢༣ ཡང་ཡ་ཧོ་ཝཱས་ཨེ་དོམ་ཡུལ་གྱི་ས་མཚམས་དང་ཉེ་བར་ཡོད་པའི་རི་ཧོར་ན་མོ་ཤེ་དང་ཨ་རོན་ལ་འདི་སྐད་ཅེས་གསུངས་པ། ༢༤ ཨ་རོན་ནི་རང་གི་མི་སྡེའི་ཁྲོད་དུ་འཛོམ་པར་འགྱུར། ངས་ཨིས་ར་ཨེལ་གྱི་བུ་རྣམས་ལ་བསྟེར་བའི་ཡུལ་དུ་ཁོ་འཇུག་པར་མི་དགོས། གང་ལ་ཞེ་ན། དེས་ནི་མེ་རི་བཱའི་ཆུ་རྣམས་ཀྱི་རྩར་ངའི་བཀའ་བཅག་པ་ཡིན། ༢༥ ཨ་རོན་དང་དེའི་བུ་ཨེལ་ཨ་ཟར་གྱེན་དུ་རི་ཧོར་ལ་ཁྲིད་ཅིག་དང་། ༢༦ ཨ་རོན་གྱི་གོས་རྣམས་ཤུས་ནས། དེའི་བུ་ཨེལ་ཨ་ཟར་ལ་སྐོན་ཞིག ཡང་ཨ་རོན་ནི་རང་གི་མི་སྡེ་དང་འཛོམ་པ་ལ་དེར་འཆི་བར་དགོས་སོ། ༢༧ ཡང་མོ་ཤེས་ཡ་ཧོ་ཝཱའི་བཀའ་བཞིན་དུ་བྱས་ཏེ། ཆོས་ཚོགས་ཐམས་ཅད་ཀྱི་མཐོང་ས་ལ་གྱེན་དུ་རི་ཧོར་དུ་སོང་ངོ་། ༢༨ ཡང་མོ་ཤེས་ཨ་རོན་གྱི་གོས་རྣམས་བཤུས་ནས། དེའི་བུ་ཨེལ་ཨ་ཟར་ལ་བསྐོན་ནོ། ཡང་ཨ་རོན་རི་དེའི་རྩེ་མོ་ལ་གྲོངས་སོ། མོ་ཤེ་དང་ཨེལ་ཨ་ཟར་རི་ནས་བབས་སོ། ༢༩ དེ་ནས་ཨ་རོན་གྲོངས་བ་ཆོས་ཚོགས་ཐམས་ཅད་ཀྱིས་མཐོང་ནས། ཁོ་རྣམས་ཞེ་ན། ཨིས་ར་ཨེལ་གྱི་བརྒྱུད་ཐམས་ཅད་ཨ་རོན་གྱི་དོན་དུ་ཞག་སུམ་ཅུའི་བར་དུ་ཆོ་ངེས་བྱས་སོ༎