༡༩
ཡང་ཡ་ཧོ་ཝཱས་མོ་ཤེ་དང་ཨ་རོན་ལ་འདི་སྐད་ཅེས་གསུངས་པ།  ཡ་ཧོ་ཝཱས་གནང་བའི་བཀའ་ཁྲིམས་ཀྱི་སྤྱད་མཚམས་འདི་ཡིན། ཨིས་ར་ཨེལ་གྱི་བུ་རྣམས་ལ་སྨྲོས་ཤིག བ་དམར་པོ་རྨེ་བ་དང་སྐྱོན་མེད་པ་དང་གཉའ་ཤིང་ནམ་ཡང་མ་བཀལ་བ་ཞིག་ངའི་རྩར་འཁྲིད་ཡོངས་ཤིག  བ་དེ་ནི་བླ་མ་ཨེལ་ཨ་ཟར་ལ་གཏོང་དགོས། ཡང་དེས་བ་དེ་ནི་སྒར་གྱི་ཕྱི་རོལ་ཏུ་ཁྲིད་ནས། མི་ཞིག་གིས་ཁོང་གི་མཐོང་ས་ལ་གསོད་པར་བྱ།  ཡང་བླ་མ་ཨེལ་ཨ་ཟར་དེའི་ཁྲག་མཛུག་གུས་བླངས་ཏེ། དེའི་ཁྲག་འདུན་མའི་གུར་མཆོག་གི་མདུན་ལོགས་ཀྱི་ཕྱོགས་སུ་ལན་བདུན་གཡོག་པ་དང་།  མི་ཞིག་གིས་བ་གཞོན་པ་དེ་སྲེག་དགོས། དེའི་པགས་པ་དང་ཤ་དང་ཁྲག་དང་དེའི་ལྕི་བ་དང་བཅས་པ་སྲེག་པར་དགོས་སོ།  ཡང་བླ་མས་ཤུག་ཤིང་དང་ཨི་སོབ་དང་མཚལ་ཁ་བླངས་ནས་བ་གཞོན་པ་འཚིག་པའི་མེའི་དཀྱིལ་དུ་དབྱུག་དགོས།  དེ་ནས་བླ་མས་རང་གི་གོས་འཁྲུད་པ་དང་། རང་གི་ལུས་ཆུ་ལ་བཀྲུས་པའི་རྗེས་ལ་སྒར་དུ་ཡོང་ཆོག ཡང་དགོངས་མོའི་བར་དུ་བླ་མ་མི་གཙང་བར་འགྱུར།  བ་སྲེག་པའི་མི་དེས་ཀྱང་རང་གི་གོས་འཁྲུད་དེ། རང་གི་ལུས་ཆུ་ལ་བཀྲུས་ནས། དགོངས་མོའི་བར་དུ་མི་གཙང་བར་འགྱུར།  ཡང་གཙང་བ་ཡིན་པའི་མི་ཞིག་གིས་བ་གཞོན་པའི་ཐལ་བ་བསྡུ་བ་དང་། སྒར་གྱི་ཕྱི་རོལ་ཏུ་གནས་གཙང་བ་ཞིག་ཏུ་བཞག་པ་དང་། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཕྱིར་འདག་པར་བྱེད་པའི་ཆུ་ཞིག་ཡིན་པའི་དོན་དུ་བདོག་པར་བྱའོ། དེ་ནི་སྡིག་པའི་ཕྱིར་དུ་མཆོད་པ་ཞིག་གོ། ༡༠ ཡང་བ་གཞོན་པ་དེའི་ཐལ་བ་བསྡུ་བའི་མི་དེས་རང་གི་གོས་བཀྲུས་ནས། དགོངས་མོའི་བར་དུ་མི་གཙང་བར་འགྱུར། དེ་ནི་ཨིས་ར་ཨེལ་གྱི་བུ་རྣམས་དང་དེའི་ཁྲོད་དུ་སྡོད་པའི་ཕྱི་མིའི་ཕྱིར་དུ་རྒྱུན་དུ་གནས་པའི་སྤྱད་མཚམས་ཤིག་ཡོད་པར་དགོས་སོ༎
༡༡ གཤིན་པོ་ཞིག་གི་རོ་ཅི་ཡོད་ཀྱང་རེག་པའི་མི་ནི་ཞག་བདུན་མི་གཙང་བར་འགྱུར། ༡༢ དེས་ཞག་གསུམ་པ་ལ་རང་གཙང་བར་བྱེད་དགོས་ཏེ། ཞག་བདུན་པ་ལ་གཙང་བར་འགྱུར། ཇི་ལྟེ་ཞག་གསུམ་པ་ལ་རང་འདག་པར་མ་བྱས་ན། ཞག་བདུན་པ་ལ་གཙང་བར་མི་འགྱུར། ༡༣ སུ་ཞིག་གིས་ཤི་སོང་བའི་མི་ཞིག་གི་རོ་ཉུག་པ་དང་རང་གཙང་བར་མི་བྱེད་པ་དེས་ཡ་ཧོ་ཝཱའི་བཞུགས་གནས་མི་གཙང་བར་བྱེད། སེམས་དེ་ནི་ཨིས་ར་ཨེལ་གྱི་ནང་ནས་རྩ་ནས་གཅོད་པར་བྱ། འདག་པར་བྱེད་པའི་ཆུ་ནི་མ་གཡོགས་པའི་ཕྱིར་རོ། དེའི་མི་གཙང་བ་ནི་ད་རུང་ཁོ་ལ་གནས་སོ༎
༡༤ མི་ཞིག་གི་གུར་གྱི་ནང་ན་ཤི་བའི་དུས་སུ་ཁྲིམས་འདི་ལྟར་རོ། གུར་གྱི་ནང་དུ་ཡོད་མཁན་རེ་དང་། གུར་གྱི་ནང་ན་ཡོད་པ་རེ་རེ་ཞག་བདུན་གྱི་བར་དུ་མི་གཙང་བ་ཡོད། ༡༥ ཡང་ཁ་གཅོད་མེད་པའི་ཁ་མ་བཀབ་པའི་སྣོད་ཚང་མ་མི་གཙང་བ་ཡིན། ༡༦ ཡང་གང་ཞིག་ཐང་ལ་ཡོད་པ་དེས་རལ་གྲིས་བསད་པ་ཞིག་ལ་ཉུག་པའམ། ཤི་རོའམ་མིའི་རུས་པའམ། དུར་ཞིག་རེག་པ་དེ་ནི་ཞག་བདུན་གྱི་བར་དུ་མི་གཙང་བར་འགྱུར། ༡༧ ཡང་མི་གཙང་བ་ཡིན་པ་དེའི་དོན་དུ་མེ་ཡིས་ཕུལ་བའི་མཆོད་པ་དེའི་ཐལ་བ་སྣོད་ཅིག་གི་ནང་ན་འབབ་ཆུ་དང་འདྲེས་པ་དེ། ༡༨ གཙང་བ་ཡིན་པའི་མི་ཞིག་གིས་ཨི་སོབ་བླངས་ནས་ཆུ་དེའི་ནང་དུ་སྙུགས་པ་དང་། གུར་གྱི་སྟེང་དུ་དང་སྣོད་ཐམས་ཅད་ཀྱི་སྟེང་དུ་དང་། མི་དེ་རུ་ཡོད་པ་རྣམས་ཀྱི་སྟེང་དུ་དང་། རུས་པའམ། བསད་ཡོད་པའམ། ཤི་རོའམ། དུར་ལ་རེག་པའི་མི་དེའི་སྟེང་དུ་གཡོག་པར་དགོས་སོ། ༡༩ ཡང་གཙང་བ་ཡིན་པའི་མི་དེས་ཞག་གསུམ་པ་དང་ཞག་བདུན་པ་ལ་མི་གཙང་བ་ཡིན་པ་དེའི་སྟེང་དུ་གཡོག་དགོས། ཡང་ཞག་བདུན་པ་ལ་དེ་གཙང་བར་བྱེད་པར་བྱ། དེས་ཀྱང་རང་གི་གོས་བཀྲུས་ནས། དགོངས་མོ་ལ་གཙང་བར་འགྱུར།
༢༠ འོན་ཀྱང་མི་གཙང་བ་ཡིན་པའི་མི་དེས་རང་གཙང་བར་མི་བྱེད་ན། སེམས་དེ་ནི་ཆོས་ཚོགས་ཀྱི་དཀྱིལ་ནས་རྩ་ནས་གཅོད་པར་བྱ། ཡ་ཧོ་ཝཱའི་བཞུགས་གནས་མི་གཙང་བར་བྱས་པའི་ཕྱིར་རོ། འདག་པར་བྱེད་པའི་ཆུ་ནི་དེའི་སྟེང་དུ་མ་གཡོགས་པས། ཁོ་མི་གཙང་བ་ཡོད་དོ། ༢༡ དེ་ནི་དེ་དག་ལ་དུས་རྒྱུན་དུ་གནས་པའི་སྤྱད་མཚམས་ཤིག་ཡོད་པར་བྱ། འདག་པར་བྱེད་པའི་ཆུ་གཡོག་པའི་མི་དེས་རང་གི་གོས་འཁྲུད་པར་དགོས། ཡང་འདག་པར་བྱེད་པའི་ཆུ་ལ་རེག་པའི་མི་ནི་དགོངས་མོའི་བར་དུ་མི་གཙང་བར་འགྱུར། ༢༢ མི་གཙང་བ་ཡིན་པའི་མི་དེས་གང་ཞིག་ལ་ཉུག་པ་ཐམས་ཅད་མི་གཙང་བའོ། དེ་ནི་རེག་པའི་མི་སུ་ཡིན་རུང་སེམས་དེ་དགོངས་མོའི་བར་དུ་མི་གཙང་ངོ་༎