༡༨
ཡང་ཡ་ཧོ་ཝཱས་ཨ་རོན་ལ་གསུངས་པ། ཁྱོད་དང་ཁྱོད་ཀྱི་བུ་རྣམས་དང་ཁྱོད་ཀྱི་ཕའི་ཁང་པ་ཁྱོད་དང་བཅས་པ་དེས་གཙང་ཁང་གི་ཉེས་སྡིག་འཁུར་དགོས། ཡང་ཁྱོད་དང་ཁྱོད་ཀྱི་བུ་རྣམས་དང་བཅས་པ་ཁྱེད་རང་གི་བླ་མའི་ལས་ཚན་གྱི་ཉེས་སྡིག་འཁུར་བར་བྱའོ།  ཡང་ཁྱོད་ཀྱི་སྤུན་རྣམས། ཁྱོད་ཀྱི་ཕའི་སྡེ་ཟེར་ན། ལེ་ཝི་པའི་སྡེ་ཡིན་པ་དེ་ཡང་ཁྱོད་དང་འགྲོགས་པ་དང་། ཁྱོད་ལ་ཞབས་ཏོག་བྱེད་དུ་ཉེ་བར་འདུག་པའི་ཕྱིར་མཉམ་དུ་འཁྲིད་དགོས། འོན་ཀྱང་ཁྱོད་དང་ཁྱོད་ཀྱི་བུ་རྣམས་དང་བཅས་པ་དཔང་པོའི་གུར་མཆོག་གི་དྲུང་དུ་འདུག་དགོས་སོ།  དེ་དག་གིས་ཁྱོད་ཀྱི་ཞབས་ཏོག་དང་གུར་མཆོག་གི་ཞབས་ཏོག་ཐམས་ཅད་བྱེད་དགོས་ཀྱང་། གཙང་ཁང་གི་སྣོད་དང་མཆོད་ཁྲི་གཅིག་པོ་དེའི་དྲུང་དུ་ཡོང་མི་དགོས། དེ་དག་དང་ཁྱེད་གཉིས་མི་འཆི་བའི་ཕྱིར་རོ།  དེ་དག་ཁྱེད་དང་འགྲོགས་ཏེ་གུར་དང་འདུན་མའི་གུར་མཆོག་གི་ཞབས་ཏོག་ཐམས་ཅད་སྲུང་བར་དགོས། ཕྱི་མི་ཞིག་ཁྱེད་དང་འགྲོགས་པའི་མི་རིགས་སོ།  ཨིས་ར་ཨེལ་གྱི་བུ་རྣམས་ལ་ད་རུང་ཐུགས་ཁྲོ་བ་མི་འཕོག་པའི་ཕྱིར་ཁྱེད་ཀྱིས་གཙང་ཁང་གི་ཞབས་འདེགས་དང་མཆོད་ཁྲིའི་ཞབས་འདེགས་བྱེད་པར་བྱའོ།  ཡང་ལྟོས་ཤིག ངས་ནི་ཁྱེད་ཀྱི་སྤུན་ལེ་ཝི་པ་རྣམས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ནང་ནས་བླངས་ཏེ། དེ་དག་གིས་འདུན་མའི་གུར་མཆོག་གི་ཞབས་ཏོག་བྱེད་པ་དེ་ནི་ཁྱེད་ཀྱི་ཕྱིར་ཡ་ཧོ་ཝཱ་ལ་སྦྱིན་པ་ཞིག་ཕུལ་བ་དང་འདྲའོ།  ཁྱོད་ནི་རང་གི་བུ་རྣམས་དང་བཅས་པ་མཆོད་ཁྲིའི་ལས་རེ་རེ་དང་། ཡོལ་བའི་ནང་ལ་བླ་མའི་ལས་ཚན་སྲུང་དགོས། ཁྱེད་ཀྱིས་ཞབས་འདེགས་བྱེད་པར་བྱ། ཁྱེད་ཀྱི་བླ་མའི་ལས་ཚན་དེ་ངས་ཁྱེད་ལ་ནང་སྦྱིན་ལྟར་སྟེར་རོ། གཞན་མི་ཞིག་ཉེ་བར་འོང་ན་གསོད་པར་དགོས།
 ཡང་ཡ་ཧོ་ཝཱས་ཨ་རོན་ལ་གསུངས་པ། ལྟོས་ཤིག ངས་ནི་ངའི་སྤར་བའི་མཆོད་པ་རྣམས་ཟེར་ན། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་དམ་པར་བྱས་པའི་སྐལ་བ་རྣམས་ཁྱེད་ལ་བསྟེར། བྱུགས་པས་བྱུགས་ཡོད་པའི་དོན་དུ་ངས་དེ་དག་ཁྱོད་དང་ཁྱོད་ཀྱི་བུ་རྣམས་ལ་དགོས་པ་ཞིག་ཡིན་པ་བཞིན་དུ་དུས་རྒྱུན་གྱི་ཕྱིར་བཏང་ངོ་།  མེ་ལ་མ་སྲེག་པའི་འབུལ་བ་ཀུན་ལས་དམ་པ་ཡིན་པ་དེ་ཁྱོད་ཀྱི་ཡིན་པར་བྱ། དེ་དག་གིས་འབུལ་བ་རེ་རེ་ཞེ་ན། ཞལ་ཟས་ཀྱི་འབུལ་བ་དང་། སྡིག་པའི་ཕྱིར་དུ་འབུལ་བ་དང་། ནོངས་པའི་ཕྱིར་འབུལ་བ་ང་ལ་འབུལ་བ་རྣམས་ནི་ཁྱོད་དང་ཁྱོད་ཀྱི་བུ་རྣམས་ཀྱི་ཕྱིར་ཀུན་ལས་དམ་པ་ཡིན་པར་བྱའོ། ༡༠ ཀུན་ལས་དམ་པ་ཡིན་པ་སྐལ་བ་དེ་དག་ནས་ཁྱོད་ཀྱིས་ཟ་དགོས། ཕོ་ཡིན་པ་རེ་རེས་དེ་ལས་ཟ་དགོས་སོ། དེ་ནི་ཁྱོད་ལ་ཀུན་ནས་དམ་པ་ཡིན་པར་བྱའོ། ༡༡ ཡང་ཁྱོད་ཀྱི་ཡིན་པ་དེ་འདི་ཡིན། དེ་དག་གིས་འབུལ་བའི་སྤར་བའི་མཆོད་པ་ཟེར་ན། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་གཡོ་བའི་མཆོད་པ་ཐམས་ཅད་ངས་ཁྱོད་དང་ཁྱོད་ཀྱི་བུ་དང་བུ་མོ་རྣམས་ཞེ་ན། ཁྱོད་ཀྱི་ཁྱིམ་ན་གཙང་བ་ཡིན་པ་རེ་རེ་དགོས་པ་ཞིག་ཡིན་པ་ལྟར་བསྟེར་རོ། ༡༢ སྣུམ་ནས་ཀུན་ལས་བཟང་པོ་ཡིན་པ་དང་། རྒུན་འབྲུམ་ནས་ཀུན་ལས་བཟང་པོ་དང་། འབྲུ་སྣའི་ཐོག་ཕུད་ཡ་ཧོ་ཝཱ་ལ་འབུལ་བ་དེ་ངས་ཁྱོད་ལ་བསྟེར་བ་ཡིན་ནོ། ༡༣ ཁོ་རྣམས་ཀྱི་ཡུལ་གྱི་ནང་ན་གང་ཡོད་པའི་འབྲས་བུ་སྔར་སྨིན་པ་ཐམས་ཅད་དེ་ཁྱོད་ཀྱི་ཡིན། ཁྱོད་ཀྱི་ཁང་པ་ལ་གཙང་བ་ཡིན་པ་དག་གིས་དེ་ལས་ཟ་བར་བྱའོ། ༡༤ ཨིས་ར་ཨེལ་གྱི་ནང་ན་བསྔོས་པ་ཐམས་ཅད་ཁྱོད་ཀྱི་ཡིན་པར་འགྱུར། ༡༥ མངལ་འབྱེད་པ་རེ་རེ་མིའམ། དུད་འགྲོ་ཡིན་པ་ཡ་ཧོ་ཝཱ་ལ་འབུལ་བའི་ཤ་ཐམས་ཅད་ཁྱོད་ཀྱི་ཡིན། ཡིན་ཀྱང་མིའི་སྔོན་སྐྱེས་དེ་གང་གིས་ཀྱང་བླུ་བར་དགོས། དུད་འགྲོ་མི་གཙང་བ་རྣམས་ཀྱི་སྔར་སྐྱེས་པ་དེ་བླུ་བར་དགོས་སོ། ༡༦ ཡང་དེ་དག་གིས་བླུ་བར་བྱ་བ་རྣམས་ན་ཚོད་ཟླ་བ་གཅིག་ལོན་ནས་བླུ་བར་དགོས། ཁྱོད་ཀྱིས་བླུ་རིན་བཅོད་པ་དེ་ནི་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་དངུལ་གྱི་ཤེ་ཀེལ་ལྔ་ཡིན། ཤེ་ཀེལ་གཅིག་ནི་གེ་ར་ཉི་ཤུ་དང་འདྲའོ། ༡༧ འོན་ཀྱང་གླང་གི་སྔོན་སྐྱེས་སམ། ལུག་གི་སྔོན་སྐྱེས་སམ། རའི་སྔོན་སྐྱེས་དེ་བླུ་བར་མ་འཇུག དེ་དག་དམ་པ་ཡིན། དེ་ཚོའི་ཁྲག་ཁྱོད་མཆོད་ཁྲི་ལ་གཡོག་པ་དང་། ཚིལ་ནི་ཡ་ཧོ་ཝཱ་ལ་དྲི་ཞིམ་དུ་མེ་ཡིས་འབུལ་བའི་མཆོད་པ་ཞིག་ཡིན་པའི་ཕྱིར་རོ། ༡༨ དེ་དག་གི་ཤ་ནི་ཁྱོད་ཀྱི་ཡིན། དེ་བཞིན་དུ་ཡང་གཡབ་པའི་བྲང་དང་ལག་པ་གཡས་པ་ཁྱོད་ཀྱི་ཡིན་པར་བྱའོ། ༡༩ ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱ་ལ་སྤར་བའི་མཆོད་པ་ལྟར་འབུལ་བ་རྣམས་ཀྱི་ཐོབ་ཐང་རྣམས་ངས་ཁྱོད་དང་། ཁྱོད་ཀྱི་བུ་དང་ཁྱོད་དང་མཉམ་དུ་ཡོད་པའི་བུ་མོ་རྣམས་ལ་དགོས་པ་ཞིག་ཡིན་པ་བཞིན་དུ་བསྟེར་རོ། དེ་ནི་ཡ་ཧོ་ཝཱའི་མདུན་དུ་ཁྱོད་རང་དང་ཁྱོད་དང་བཅས་པ་ཡོད་པའི་ས་བོན་ལ་གཏན་དུ་གནས་པའི་ཚྭའི་ཞལ་ཆད་ཅིག་ཡོད་དོ། ༢༠ ཡང་ཡ་ཧོ་ཝཱས་ཨ་རོན་ལ་གསུངས་པ། ཁྱོད་ལ་དེ་དག་གི་ཡུལ་གྱི་ནང་ན་ས་སྐལ་ཞིག་ཡོད་པར་མི་འགྱུར། དེ་ཚོའི་ཁྲོད་དུ་ཁྱོད་ལ་སྐལ་བ་ཞིག་བདོག་པར་མི་དགོས། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ནང་ན་ང་ནི་ཁྱོད་ཀྱི་སྐལ་བ་དང་ཁྱོད་ཀྱི་ནོར་སྐལ་ཡིན་ནོ༎
༢༡ ཡང་ལྟོས་ཤིག ལེ་ཝིའི་བུ་རྣམས་ལ་ངས་ཨིས་ར་ཨེལ་ན་བཅུ་ཁག་ཐམས་ཅད་ནོར་སྐལ་དུ་བཏང་། དེ་དག་གི་འདུན་མའི་གུར་མཆོག་གི་ཞབས་ཏོག་དེའི་དྲིན་གཟོ་བའི་ཕྱིར་བཏང་ངོ་། ༢༢ ཡང་འདི་ནས་ཚུན་ཆད་ཨིས་ར་ཨེལ་གྱི་བུ་རྣམས་ནི་འདུན་མའི་གུར་མཆོག་དང་ཉེ་བར་ཡོང་མི་དགོས། སྡིག་པ་འཁུར་ཞིང་མི་འཆི་བའི་ཕྱིར་རོ། ༢༣ ལེ་ཝི་པ་དེ་དག་གིས་འདུན་མའི་གུར་གྱི་ཞབས་ཏོག་བྱེད་དགོས་ཏེ། རང་གི་ཉེས་སྡིག་འཁུར་དགོས། དེ་ནི་མི་རབས་ནས་མི་རབས་སུ་དུས་གཏན་གྱི་སྤྱད་མཚམས་ཤིག་ཡིན་ཏེ། ཨིས་ར་ཨེལ་གྱི་བུ་ཚོའི་ནང་ན་དེ་དག་ལ་ནོར་སྐལ་མི་ཐོབ། ༢༤ ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱ་ལ་འབུལ་བའི་སྤར་བའི་མཆོད་པ་རྣམས་ངས་ལེ་ཝི་པ་རྣམས་ལ་ནོར་སྐལ་དུ་བསྟེར། དེའི་ཕྱིར་ངས་དེ་དག་ལ། ཨིས་ར་ཨེལ་གྱི་བུ་ཚོའི་ནང་ན་ཁོ་རྣམས་ལ་ནོར་སྐལ་ཡོད་པར་མི་དགོས་གསུངས་པ་ཡིན་ནོ༎
༢༥ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་གསུངས་པ། ༢༦ དེའི་སྟེང་དུ་ཁྱོད་ལེ་ཝི་པ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་ཚོའི་བཅུ་ཁག་ཁྱེད་ལ་ནོར་སྐལ་དུ་བཏང་བ་དེ་ཁོ་རྣམས་ནས་ལེན་པའི་ཚེ། ཁྱོད་ཅག་གིས་དེ་ལས་ཡ་ཧོ་ཝཱའི་ཕྱིར་སྤར་བའི་མཆོད་པ་ཟེར་ན། བཅུ་ཁག་གི་བཅུ་ཁག་ཅིག་འབུལ་དགོས། ༢༧ ཡང་ཁྱོད་ཅག་གི་སྤར་བའི་མཆོད་པ་ནི་གཡུལ་ཁའི་འབྲུ་དང་རྒུན་འབྲས་འཚིར་བ་དེ་མང་དུ་འགྱུར་བ་ལྟར་རང་ཕྱོགས་སུ་རྩི་བར་དགོས། ༢༨ དེ་ལྟར་ཁྱེད་ཚོས་ཨིས་ར་ཨེལ་པའི་བུ་རྣམས་ནས་ཐོབ་པའི་བཅུ་ཁག་ཐམས་ཅད་ལས་ཡ་ཧོ་ཝཱ་ལ་སྤར་བའི་མཆོད་པ་ཞིག་འབུལ་བར་དགོས། ཡང་ཡ་ཧོ་ཝཱའི་སྤར་བའི་མཆོད་པ་དེ་ནི་ཁྱེད་ཀྱིས་བླ་མ་ཨ་རོན་ལ་གཏོང་བར་བྱའོ། ༢༩ ཁྱེད་ཚོ་ལ་ཐོབ་པའི་སྦྱིན་པ་ཐམས་ཅད་ལས་ཡ་ཧོ་ཝཱའི་སྤར་བའི་མཆོད་པ་རེ་རེ་ཞེ་ན། དམ་པར་བྱས་པའི་ཀུན་ལས་བཟང་པོ་ཡིན་པའི་སྐལ་བ་རྣམས་ལས་འབུལ་བར་དགོས་སོ། ༣༠ དེའི་ཕྱིར་དེ་དག་ལ་སྨྲོས་ཤིག ཁྱེད་ཚོས་དེ་ལས་ཀུན་ལས་བཟང་པོ་ཡིན་པ་དེ་སྤར་བའི་ཚེ། དེ་ནས་གཡུལ་ཁའི་ཐོབ་ཐང་ལྟར་དང་རྒུན་འབྲས་འཚིར་བའི་ཐོབ་ཐང་ལྟར་ལེ་ཝི་པ་རྣམས་ལ་རྩི་བར་དགོས། ༣༡ ཡང་ཁྱེད་དང་ཁྱེད་ཀྱི་ནང་མི་རྣམས་ཀྱིས་གནས་གང་དུ་ཡང་ཟ་ཆོག ཅི་ལ་ཞེ་ན། ཁྱེད་ཚོས་འདུན་མའི་གུར་མཆོག་ན་ཞབས་ཏོག་བྱེད་པའི་དྲིན་ལན་གཏོང་བ་དེ་ཡིན་པའི་ཕྱིར་རོ། ༣༢ ཁྱེད་ཚོས་དེ་ལས་ཀུན་ལས་བཟང་པོ་ཡིན་པ་དེ་སྤར་བའི་སྒོ་ནས་ཁྱེད་སྡིག་པ་ཞིག་འཁུར་མི་ཡོང་། ཡིན་ཀྱང་ཁྱེད་མི་འཆི་བའི་ཕྱིར་ཨིས་ར་ཨེལ་གྱི་བུ་རྣམས་ལ་ཡོད་པའི་རྫས་དམ་པ་རྣམས་ལ་སྨད་པར་མི་དགོས་སོ༎