༡༧
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་གསུངས་པ། ༢ ཨིས་ར་ཨེལ་བུ་ཚོ་ལ་སྨྲོས་ཤིག་དང་། ཁོ་རྣམས་ནས་དབྱུག་པ་བཅུ་གཉིས་ཟེར་ན། གཙོ་བྱེད་ཐམས་ཅད་རང་རང་གི་བརྒྱུད་བཞིན་དུ་དབྱུག་པ་གཅིག་བླངས་ནས། རེ་རེའི་སྟེང་དུ་ཁོ་རང་གི་མིང་བྲིས་ཤིག ༣ ལེ་ཝིའི་དབྱུག་པ་ལ་ཨ་རོན་གྱི་མིང་འབྲི་དགོས། ཅི་ལ་ཞེ་ན། ཕ་ཚོའི་ཁང་པ་རྣམས་ཀྱི་གཙོ་བྱེད་རེའི་སྐོར་ལ་དབྱུག་པ་གཅིག་དགོས་སོ། ༤ ཡང་ཁྱོད་ཀྱིས་དབྱུག་པ་དེ་དག་འདུན་མའི་གུར་མཆོག་གི་ནང་ན་ང་ཁྱོད་དང་འཕྲད་པའི་དཔང་པོའི་སྒྲོམ་གྱི་དྲུང་དུ་འཇོག་པར་དགོས། ༥ ཡང་ངས་འདམས་རྒྱུ་ཡིན་པའི་མི་དེའི་དབྱུག་པ་སྐྱེ་བར་འགྱུར། ཨིས་ར་ཨེལ་གྱི་བུ་ཚོས་ཁྱོད་ལ་འཁྲུག་པ་བྱེད་པ་དེ་ད་ནས་མེད་པར་བྱེད་པའི་ཕྱིར་རོ། ༦ ཡང་མོ་ཤེས་ཨིས་ར་ཨེལ་གྱི་བུ་རྣམས་ལ་གཏམ་བྱས་ནས། དེ་དག་གཙོ་བྱེད་ཐམས་ཅད་ཀྱིས་ཁོང་ལ་དབྱུག་པ་བཏང་སྟེ། གཙོ་བྱེད་རེས་དབྱུག་པ་གཅིག ཕ་ཚོའི་ཁང་པ་དེ་དག་བཞིན་དུ་དབྱུག་པ་བཅུ་གཉིས་བཏང་ངོ་། ༧ ཡང་མོ་ཤེས་དབྱུག་པ་དེ་དག་དཔང་པོའི་གུར་མཆོག་ན་ཡ་ཧོ་ཝཱའི་དྲུང་དུ་བཞག་གོ།༨ ཡང་སང་ཉིན་མོ་ཤེ་དཔང་པོའི་གུར་མཆོག་གི་ནང་དུ་སོང་ནས། ལྟོས་ཤིག ཨ་རོན་གྱི་དབྱུག་པ་ལེ་ཝིའི་ཁང་པའི་ཕྱིར་དུ་སྐྱེས་ཏེ་མྱུ་གུ་དང་སྦལ་མིག་དང་། མེ་ཏོག་དང་རྒྱ་གར་སྟར་ཀ་སྨིན་པ་རྣམས་ཐོན་ཡོད་པ་ཡིན། ༩ མོ་ཤེས་ཡ་ཧོ་ཝཱའི་དྲུང་ནས་དབྱུག་པ་དེ་ཐམས་ཅད་ཕྱི་རུ་ཨིས་ར་ཨེལ་གྱི་བུ་ཚོའི་རྩར་འཁྱེར་འོངས་པ་དང་། ཁོ་རྣམས་དེ་དག་ལ་བལྟས་ཏེ། མི་རེས་རང་གི་དབྱུག་པ་བླངས་སོ། ༡༠ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་སྩལ་པ། ཨ་རོན་གྱི་དབྱུག་པ་དེ་དཔང་པོའི་སྒྲོམ་གྱི་དྲུང་དུ་ཕྱིར་ཞོག་ཅིག དེ་ནི་ངོ་ལོག་བྱེད་པའི་ཨིས་ར་ཨེལ་གྱི་བུ་ཚོ་ལ་སྐུལ་བའི་རྟགས་ཤིག་ཡིན་པས། དེ་བདོག་པར་དགོས། མི་འཆི་བའི་ཕྱིར་དེ་དག་གིས་ང་ལ་འཁྲུག་པ་བྱེད་པ་དེ་ཁྱོད་ཀྱིས་ཟིན་འཇུག་པའི་ཕྱིར་རོ། ༡༡ ཡང་ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་མོ་ཤེས་དེ་ལྟར་བྱས་སོ༎