༡༦
ཡང་ཡིས་ཧར་གྱི་བུ་ཀོ་རཱ། དེ་ནི་ཀོ་ཧད་ཀྱི་བུ། དེ་ནི་ལེ་ཝིའི་བུ། ཨེ་ལི་ཨབ་ཀྱི་བུ་དཱ་ཐན་དང་ཨ་ཧི་རམ་གཉིས་བཅས་པ་དང་། ཕེ་ལེད་ཀྱི་བུ་ཨོནརུ་བེན་གྱི་བུ་རྣམས་ཀྱིས་ཕྱོགས་བྱེད་མཁན་རྣམས་འཁྲིད་འོངས་པ་དང་།  མོ་ཤེའི་རྩར་འཁྲུག་པ་བྱེད་པའི་མི་ཉིས་བརྒྱ་དང་ལྔ་བཅུ་ཟེར་ན། ཨིས་ར་ཨེལ་གྱི་བུ་ཚོའི་ཆོས་ཚོགས་ཀྱི་གཙོ་བྱེད་པ་དང་། འདུན་མའི་གྲོས་མི་དང་། སྙན་གྲགས་ཅན་ཡིན་པའི་མི།  དེ་དག་འདུས་ནས། ངོ་ལོག་བྱེད་ཅིང་མོ་ཤེ་དང་ཨ་རོན་ལ་སྨྲས་པ། ཁྱེད་ཅག་གིས་རང་ཧ་ཅང་ཆེན་པོ་སེམས། ཆོས་ཚོགས་ཐམས་ཅད་དང་། དེའི་ནང་ན་ཡོད་པའི་མི་རེ་རེ་དམ་པ་ཡིན་པར་མཐོང་སྟེ། ཡ་ཧོ་ཝཱ་དེ་དག་གི་ཁྲོད་ན་བཞུགས་སོ། དེ་ནས་ཅིའི་ཕྱིར་ཁྱེད་ནི་ཡ་ཧོ་ཝཱའི་ཆོས་ཚོགས་ལས་རང་མཐོན་པོ་བྱེད་ཅེས་སྨྲས་སོ།  མོ་ཤེས་དེ་ཐོས་ནས། ཞལ་འབུབ་ཏུ་གྱེལ་བ་དང་།  ཀོ་རཱ་དང་དེ་མཉམ་འཛོམས་ཡོད་པ་ཐམས་ཅད་ལ་གསུངས་པ། སང་སྔ་དྲོ་ཡ་ཧོ་ཝཱས་སུ་ཁོང་གི་ཡིན་པ། སུ་དམ་པ་ཡིན་པ་དང་། སུ་ཁོང་རང་དང་ཉེ་བར་འོང་འཇུག་པ་ཟེར་ན། ཁོང་དང་ཉེ་བར་འོང་དགོས་པ་སུ་ཡིན་ཁོང་གིས་འདམས་པར་འགྱུར་རོ།  འདི་བྱོས་ཤིག སང་ཉིན་ཀོ་རཱ་མཉམ་འཛོམས་ཡོད་པ་ཐམས་ཅད་ཀྱིས་སྤོས་ཕོར་རྣམས་ལོན་ལ།  ཡ་ཧོ་ཝཱའི་དྲུང་དུ་དེ་དག་གི་ནང་དུ་མེ་དང་། དེའི་སྟེང་དུ་སྤོས་ཞོག་ཅིག དེ་ནས་ཡ་ཧོ་ཝཱས་གང་འདམས་པར་མཛད་པའི་མི་དེ་ནི་དམ་པ་ཡིན་པར་འགྱུར། ལེ་ཝིའི་བུ་དག ཁྱོད་ཚོ་ཧ་ཅང་ཆེ་བ་ཡིན།  ཡང་མོ་ཤེས་ཀོ་རཱ་ལ་གསུངས་པ། ལེ་ཝིའི་བུ་དག ད་ཉོན་ཅིག  ཨིས་ར་ཨེལ་གྱི་དཀོན་མཆོག་གིས་ཁྱེད་ཚོ་ཨིས་ར་ཨེལ་གྱི་ཆོས་ཚོགས་དང་སོ་སོར་བཞག ཁྱེད་ཁོང་དང་ཉེ་བར་ཡོང་བར་གནང་། ཡ་ཧོ་ཝཱའི་བཞུགས་གནས་ལ་ཞབས་འདེགས་བྱེད་པ་དང་། ཨིས་ར་ཨེལ་གྱི་ཆོས་ཚོགས་ཀྱི་དོན་དུ་ཞབས་འདེགས་པ་དེ་ནི་ཉུང་བ་ཡིན་པར་བསམ་མམ། ༡༠ ཁོང་གིས་ཁྱེད་ཀྱི་སྤུན་ལེ་ཝིའི་བུ་ཐམས་ཅད་ཁྱེད་དང་བཅས་པ་རང་དང་ཉེ་བར་མཛད། ད་ཁྱེད་ཚོས་བླ་མའི་ལས་དེ་ཡང་འཚོལ་ལམ། ༡༡ དེའི་ཕྱིར་ཁྱོད་དང་ཁྱོད་ཀྱི་འཛོམས་ཡོད་པའི་ཚོགས་ཚང་མ་ཡ་ཧོ་ཝཱ་དང་ཨ་རོན་ལ་འཁྲུག་པ་བྱེད་པའི་ཕྱིར་འཛོམས། ཨ་རོན་དེ་ཅི་ཡིན། ཁོ་ལ་འབར་མཁན་སུ་ཡིན།
༡༢ ཡང་མོ་ཤེས་ཨེ་ལི་ཨབ་ཀྱི་བུ་དཱ་ཐན་དང་ཨ་ཧི་རམ་གཉིས་ལ་འབོད་པའི་ཕྱིར་མི་བཏང་ནས། དེ་དག་གིས། ངེད་མི་ཡོང་། ༡༣ ཁྱོད་ཀྱིས་ང་ཚོ་འབྲོག་སྟོང་དུ་གསོད་པའི་ཕྱིར་འོ་མ་དང་སྦྲང་རྩིས་གང་བའི་ཡུལ་ནས་འཁྲིད་པ་དེ་ཉུང་བ་ཞིག་ཡིན་ནམ། མ་ཟད་དེ་ཁྱོད་ནི་ང་ཚོ་ལ་དབང་ཡང་བྱེད་པར་དགོས་སམ། ༡༤ དེའི་སྟེང་དུ་ཁྱོད་ཀྱིས་ང་ཚོ་འོ་མ་དང་སྦྲང་རྩིས་གང་བའི་ཡུལ་དུ་མ་ཁྲིད། ཁྱོད་ཀྱིས་ངེད་ལ་ཞིང་དང་རྒུན་ཤིང་རྣམས་ནོར་སྐལ་དུ་མ་བཏང་། ཁྱོད་ནི་མི་འདི་དག་གི་མིག་རྣམས་འདོན་པར་བྱའམ། ང་ཚོ་མི་ཡོང་།
༡༥ མོ་ཤེ་ཤིན་ཏུ་ཁྲོས་ཏེ་ཡ་ཧོ་ཝཱ་ལ་གསོལ་པ། དེ་རྣམས་ཀྱི་མཆོད་པ་ལ་མ་གཟིགས་ཤིག་ངས་དེ་དག་ནས་བོང་བུ་གཅིག་ཀྱང་མ་བླངས། ཁོ་རྣམས་ཀྱི་ནང་ན་གཅིག་ལ་ཡང་གནོད་པ་མ་བྱས་སོ། ༡༦ ཡང་མོ་ཤེས་ཀོ་རཱ་ལ་གསུངས་པ། སང་ཉིན་ཁྱོད་དང་ཁྱོད་ཀྱི་ཚོགས། ཁྱོད་དང་དེ་དག་དང་ཨ་རོན་ཡ་ཧོ་ཝཱའི་དྲུང་དུ་བྱུང་ཞིག་དང་། ༡༧ ཁྱེད་ཀྱི་མི་རེ་རེས་རང་གི་སྤོས་ཕོར་ལོང་ལ། དེ་དག་ནང་སྤོས་བཞག་ནས། མི་རེས་རང་གི་སྤོས་ཕོར་ཞེ་ན། སྤོས་ཕོར་ཉིས་བརྒྱ་དང་ལྔ་བཅུ་ཡ་ཧོ་ཝཱའི་སྐུ་མདུན་དུ་འཁྱེར་འོང་བ་དང་། ཁྱོད་དང་ཨ་རོན་ཡང་རེས་རང་གི་སྤོས་ཕོར་འཁྱེར་ཤོག ༡༨ དེ་ནས་མི་རེས་རང་གི་སྤོས་ཕོར་བླངས་ནས། དེ་དག་གི་ནང་དུ་མེ་དང་མེའི་སྟེང་དུ་སྤོས་བཞག་པ་དང་། མོ་ཤེ་་ཨ་རོན་དང་བཅས་པ་འདུན་མའི་གུར་མཆོག་གི་སྒོའི་འགྲམ་དུ་འགྲེང་ངོ་། ༡༩ ཡང་ཀོ་རཱས་དེ་དག་དང་མི་མཐུན་པའི་ཚོགས་ཚང་མ་འདུན་མའི་གུར་མཆོག་གི་མདུན་དུ་བསྡུས་སོ། དེར་ཡ་ཧོ་ཝཱའི་གཟི་བརྗིད་ཆོས་ཚོགས་ཐམས་ཅད་ཀྱིས་མཐོང་བར་གྱུར་ཏོ༎
༢༠ ཡང་ཡ་ཧོ་ཝཱས་མོ་ཤེ་དང་ཨ་རོན་ལ་འདི་སྐད་གསུངས་པ། ༢༡ ངས་དེ་དག་སྐད་གཅིག་ལ་མེད་པར་བྱེད་པའི་ཕྱིར་ཁྱེད་ནི་ཆོས་ཚོགས་དེ་དང་སོ་སོར་འདུག་ཅིག ༢༢ ཡང་དེ་དག་ཞལ་འབུབ་ཏུ་ཉལ་ནས་ཞུས་པ། ཀྱེ་དཀོན་མཆོག་ལུས་ཅན་ཐམས་ཅད་ཀྱི་སེམས་ཉིད་རྣམས་ཀྱི་དཀོན་མཆོག མི་གཅིག་གིས་སྡིག་པ་བྱས་པས། ཁྱེད་ཀྱིས་ཚོགས་དེ་ཚང་མ་ལ་ཐུགས་ཁྲོ་མཛད་དམ། ༢༣ ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་གསུངས་པ། ༢༤ ཆོས་ཚོགས་ལ་སྨྲོས་ཤིག ཀོ་རཱ་དང་དཱ་ཐན་དང་ཨ་ཧི་རམ་གྱི་གནས་སའི་འཁོར་ནས་ལོང་ཞིག
༢༥ མོ་ཤེ་ལངས་པ་དང་། དཱ་ཐན་དང་ཨ་ཧི་རམ་གྱི་རྩར་ཕེབས་ཅིང་། ཨིས་ར་ཨེལ་གྱི་རྒན་པོ་རྣམས་ཁོང་གི་རྗེས་སུ་འབྲངས་སོ། ༢༦ ཡང་ཆོས་ཚོགས་ལ་གསུངས་པ། མི་ངན་འདི་དག་གི་གུར་རྣམས་ནས་སོང་ཞིག་དང་། ཁྱེད་མེད་པར་མི་འགྱུར་བའི་ཕྱིར་དུ་དེ་དག་གི་ཡིན་པ་གང་ལ་ཡང་མ་རེག ༢༧ དེའི་ཕྱིར་ཁོ་རྣམས་ཀོ་རཱ་དང་དཱ་ཐན་དང་ཨ་ཧི་རམ་གྱི་གནས་སའི་ཕྱོགས་བཞི་ནས་སོང་ངོ་། ཡང་དཱ་ཐན་དང་ཨ་ཧི་རམ་དང་དེའི་ཆུང་མ་རྣམས་དང་། བུ་དང་ཆུང་བ་རྣམས་འཐོན་ཏེ་རང་གི་གུར་རྣམས་ཀྱི་སྒོ་རུ་འགྲེང་ངོ་། ༢༨ ཡང་མོ་ཤེས་གསུངས་པ། ངས་ལས་ཀ་དེ་དག་རང་གི་བསམ་པ་བཞིན་དུ་མ་བྱས། བྱ་བ་དེ་ཐམས་ཅད་བྱེད་པའི་ཕྱིར་ཡ་ཧོ་ཝཱས་ང་མངགས་པ་ཡིན་པ་དེ་འདིའི་སྒོ་ནས་ཤེས་པར་འགྱུར། ༢༩ གལ་ཏེ་མི་འདི་དག་མི་ཐམས་ཅད་ཀྱི་ཐུན་མོང་གི་ལུགས་ལ་འཆི་བའམ། མི་ཐམས་ཅད་ལ་སྡུག་བསྔལ་འཕོག་པ་བཞིན་དུ་ཁོ་རྣམས་ལ་ཡང་ཕོག་ན། དེ་ནས་ཡ་ཧོ་ཝཱས་ང་མ་མངགས་པ་ཡིན། ༣༠ ཇི་སྟེ་ཡ་ཧོ་ཝཱས་བྱ་བ་གསར་པ་ཞིག་མཛད་ཅིང་ས་ནི་རང་གི་ཁ་འབྱེ་སྟེ་ཁོ་དང་ཁོ་རྣམས་ལ་ཡོད་པ་ཐམས་ཅད་མིད་པ་དང་གསོན་པོར་གཤིན་ཡུལ་དུ་འབབ་ན། དེ་ནས་མི་འདི་དག་གིས་ཡ་ཧོ་ཝཱ་ལ་སྨད་པ་ཡིན་ཤེས་པར་འགྱུར།
༣༡ ཡང་ཁོང་གིས་ཚིག་དེ་ཐམས་ཅད་ཟེར་ཚར་ནས། དེ་དག་གི་འོག་ཏུ་ས་གས་ཏེ། ༣༢ སས་རང་གི་ཁ་ཕྱེས་ནས། དེ་དག་རང་དང་། རང་གི་གཞིས་མད་དང་། ཀོ་རཱ་ཡི་མི་ཐམས་ཅད་དེའི་དངོས་པོ་ཐམས་ཅད་མིད་དོ། ༣༣ དེ་ལྟར་དེ་དག་རང་དང་། ཁོ་རྣམས་ལ་གཏོགས་པ་ཐམས་ཅད་གསོན་པོར་གཤིན་ཡུལ་དུ་སོང་། སས་ནི་ཁོ་རྣམས་བཀབ་པ་དང་ཆོས་ཚོགས་ཀྱི་ནང་ནས་མེད་པར་སོང་ངོ་། ༣༤ ཡང་དེ་དག་གི་འཁོར་དུ་ཡོད་པའི་ཨིས་ར་ཨེལ་ཐམས་ཅད་ཀྱིས་ཁོ་རྣམས་ཀྱི་འཇིགས་སྐྲག་གི་སྐད་ཐོས་ནས་བྲོས། སས་ནི་ང་ཚོ་མིད་ཡོང་ཞེས་ཟེར་བའི་ཕྱིར་རོ། ༣༥ སྤོས་བདུག་པའི་མི་ཉིས་བརྒྱ་དང་ལྔ་བཅུ་ཡ་ཧོ་ཝཱའི་ཕྱོགས་ནས་བྱུང་བའི་མེས་ཁོ་རྣམས་ཟོས་སོ༎
༣༦ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་བཀའ་སྩལ་པ། ༣༧ ཨ་རོན་གྱི་བུ་བླ་མ་ཨེལ་ཨ་ཟར་དེ་ལ་སྨྲོས་ཤིག མེ་རོའི་ནང་ནས་སྤོས་ཕོར་དེ་དག་ཐོན་ཞིག་དང་། མེ་ཕར་གཏོར་ཞིག དེ་དག་དམ་པ་ཡིན་པའི་ཕྱིར་རོ། ༣༨ སྡིག་ཅན་དེ་དག་གི་སྤོས་ཕོར་ཁོ་ན་དེའི་སྲོག་ལ་བབ་པ་དེ་མཆོད་ཁྲི་ལ་གཡོག་པའི་ཕྱིར་ལེབ་ལེབ་ཏུ་རྡུང་བར་ཆུག་ཅིག གང་ལ་ཟེར་ན། དེ་དག་གིས་དེ་ཚོ་ཡ་ཧོ་ཝཱ་ལ་ཕུལ་བས། དམ་པ་ཡིན་པ་དང་། ཨིས་ར་ཨེལ་གྱི་བུ་རྣམས་ལ་རྟགས་ཤིག་ཡིན་པའི་ཕྱིར་རོ། ༣༩ ཡང་བླ་མ་ཨེལ་ཨ་ཟར་གྱིས་སྲེག་པར་གྱུར་པའི་མི་དེ་དག་གིས་རང་གི་སྤོས་ཕོར་ཕུལ་བ་དེ་བླངས་ནས་མཆོད་ཁྲི་གཡོག་པའི་ཕྱིར་ལེབ་ལེབ་རྡུང་བཅུག་པ་དང་། ༤༠ ཨིས་ར་ཨེལ་གྱི་བུ་རྣམས་དེ་དྲན་པའི་ཕྱིར་རྟགས་ཤིག་ཡིན་པས། ཨ་རོན་གྱི་ས་བོན་ལས་མ་ཡིན་པའི་ཕྱི་མི་ཞིག་དྲུང་དུ་ཡོངས་ནས་ཡ་ཧོ་ཝཱ་ལ་སྤོས་མི་བདུག་པ་དང་། དེ་ལ་ཀོ་རཱ་དང་དེ་དང་འགྲོགས་པའི་ཚོ་ལྟར་མི་འབྱུང་བའི་ཕྱིར་རོ། ཡ་ཧོ་ཝཱས་མོ་ཤེ་རྒྱུད་དེ་བཀའ་གནང་བ་བཞིན་ནོ༎
༤༡ ཡང་སང་ཉིན་ལ་ཨིས་ར་ཨེལ་གྱི་བུ་ཚོའི་ཆོས་ཚོགས་ཐམས་ཅད་མོ་ཤེ་དང་ཨ་རོན་ལ་འཁྲུག་པ་བྱེད་ཅིང་སྨྲས་པ། ཁྱེད་ཀྱིས་ཡ་ཧོ་ཝཱའི་མི་རྣམས་བསད་དོ། ༤༢ ཡང་ཆོས་ཚོགས་མོ་ཤེ་དང་ཨ་རོན་ལ་འཁྲུག་པ་བྱེད་པའི་ཕྱིར་འཛོམས་ཡོད་པ་དང་། འདུན་མའི་གུར་མཆོག་གི་ཕྱོགས་སུ་ལྟ་བ་ཙམ་གྱིས། ཀྱེ་ཧོ། དེ་ནི་སྤྲིན་ཞིག་གིས་གཡོགས་པ་དང་། ཡ་ཧོ་ཝཱའི་གཟི་བརྗིད་མཐོང་བར་གྱུར་ཏོ། ༤༣ ཡང་མོ་ཤེ་དང་ཨ་རོན་འདུན་མའི་གུར་མཆོག་གི་མདུན་ལོགས་སུ་ཕེབས་སོ། ༤༤ ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་སྩལ་པ། ༤༥ ངས་ནི་དེ་དག་སྐད་གཅིག་ལ་མེད་པར་བྱེད་པའི་ཕྱིར་ཁྱེད་ཆོས་ཚོགས་འདིའི་ནང་ནས་ཐོན་ཅིག་ཅེས་གསུངས་ནས། དེ་དག་ཞལ་འབུབ་ཏུ་གྱེལ་ལོ། ༤༦ མོ་ཤེས་ཨ་རོན་ཟེར་པ། སྤོས་ཕོར་ལེན་ཞིག་དང་། མཆོད་ཁྲི་ནས་མེ་བླངས་ནས་དེའི་ནང་དུ་ཞོག དེའི་སྟེང་དུ་སྤོས་བཞག་པ་དང་། མགྱོགས་པར་ཆོས་ཚོགས་དེ་རུ་སོང་ལ། ཁོ་རྣམས་ཀྱི་དོན་དུ་སྡིག་བཤགས་བྱོས་ཤིག གང་ལ་ཟེར་ན། ཡ་ཧོ་ཝཱ་ནས་ཐུགས་ཁྲོ་བྱུང་། གཉན་ནད་ནི་མགོ་འཛུག་ཚར་བའི་ཕྱིར་རོ། ༤༧ ཨ་རོན་གྱིས་མོ་ཤེས་སྨྲས་པ་བཞིན་དུ་ཆོས་ཚོགས་ཀྱི་དཀྱིལ་དུ་བརྒྱུགས་ནས། ལྟོས་ཤིག ད་གཉན་ནད་འཛུགས་ཚར། ཁོང་གིས་སྤོས་བདུག་པ་དང་ཆོས་ཚོགས་ཀྱི་དོན་དུ་སྡིག་བཤགས་བྱས་སོ། ༤༨ ཡང་ཁོང་ནི་གཤིན་པོ་དང་གསོན་པོ་གཉིས་ཀྱི་བར་ལ་འགྲེང་ངོ་། ༤༩ གཉན་ནད་ནས་ཤི་བ་རྣམས་ཀྱི་གྲངས་ནི། ཀོ་རཱ་ཡི་དོན་དུ་ཤི་བ་དེ་མ་རྩི་བར། སྟོང་བཅུ་བཞི་དང་བདུན་བརྒྱའོ། ༥༠ ཨ་རོན་འདུན་མའི་གུར་མཆོག་ཏུ་མོ་ཤེའི་རྩར་ལོག་ནས། གཉན་ནད་ཆད་དོ༎