༡༤
ཡང་ཆོས་ཚོགས་ཐམས་ཅད་ཀྱིས་སྐད་དྲག་པོ་བཏང་ནས། མི་ཚོགས་ཀྱིས་མཚན་དེ་ལ་ངུས་སོ། ༢ ཨིས་ར་ཨེལ་གྱི་བུ་ཐམས་ཅད་ཀྱིས་མོ་ཤེ་དང་ཨ་རོན་ལ་ཁྲོས་ཏེ། ཆོས་ཚོགས་ཚང་མས་དེ་གཉིས་ལ་སྨྲས་པ། ཀྱེ་མ། ང་ཚོ་མི་སེར་ཡུལ་དུ་ཤི་བ་ཡིན་ན། ཡང་ན་འབྲོག་སྟོང་དུ་ཤི་བ་ཡིན་ན་ལེགས་པ། ༣ ང་ཅག་རལ་གྲིས་འཆི་བའི་ཕྱིར་ཡ་ཧོ་ཝཱས་ང་ཅག་ཡུལ་འདིའི་ནང་དུ་ཅི་ལ་ཁྲིད། ང་རྣམས་ཀྱི་ཆུང་མ་དང་ཕྲུ་གུ་རྣམས་བཅོམ་ནོར་དུ་འགྱུར་བའི་ཕྱིར་ང་ཚོ་མི་སེར་ཡུལ་དུ་ཕྱིར་ལོག་ན་ཡག་པོ་མེད་དམ། ༤ ཡང་གཅིག་གིས་གཅིག་ལ། མི་སེར་ཡུལ་དུ་ཕྱིར་ལོག་པའི་སྐོར་ལ་ངེད་ཀྱིས་དཔོན་པོ་ཞིག་བསྐོ་བར་བྱ་ཞེས་ཟེར་ཏོ༎༥ དེ་ནས་ཨིས་ར་ཨེལ་གྱི་བུ་རྣམས་འཛོམས་ཡོད་པའི་ཆོས་ཚོགས་ཀྱི་མདུན་དུ་མོ་ཤེ་དང་ཨ་རོན་ཞལ་འབུབ་ཏུ་ཉལ་ལོ། ༦ ཡང་ནུན་གྱི་བུ་ཡོ་ཤུ་ཨ་དང་ཡེ་ཕུན་ནེའི་བུ་ཀ་ལེབ་ཡུལ་བསྐོར་མཁན་རྣམས་ལས་ཡིན་པ་གཉིས་ཀྱིས་རང་གི་གོས་དྲལ་ནས། ༧ ཨིས་ར་ཨེལ་གྱི་བུ་ཚོའི་ཆོས་ཚོགས་ཐམས་ཅད་ལ་ངེད་ཀྱིས་བསྐོར་ཞིང་ཚོད་བླངས་པའི་ཡུལ་དེ་ནི་ཤིན་ཏུ་བཟང་པོ་ཞིག་ཡིན། ༨ ཡ་ཧོ་ཝཱས་ཐུགས་རྗེས་གཟིགས་ན། ང་ཅག་ཡུལ་དེའི་ནང་དུ་ཁྲིད་ནས་ང་ཚོ་ལ་གནང་ཡོང་། དེ་ནི་འོ་མ་དང་སྦྲང་རྩིས་གང་བའི་ཡུལ་ཞིག་ཡིན། ༩ འོན་ཀྱང་ཡ་ཧོ་ཝཱ་ལ་ངོ་ལོག་ཅིས་ཀྱང་མ་བྱེད། ཡུལ་དེའི་མི་རྣམས་ལ་ཡང་མ་འཇིགས། གང་ལ་ཟེར་ན། དེ་དག་ང་ཚོའི་བག་ལེབ་ཡིན། ཁོ་རྣམས་སྐྱབས་དང་བྲལ་ཡང་། ཡ་ཧོ་ཝཱ་ངེད་དང་མཉམ་དུ་བཞུགས་པས། དེ་དག་ལ་མ་འཇིགས་ཤིག་ཟེར་ཏོ། ༡༠ འོན་ཀྱང་ཆོས་ཚོགས་ཐམས་ཅད་ཀྱིས། རྡོ་རུབ་ལ་སོད་ཅིག་སྨྲས་སོ། ཡང་འདུན་མའི་གུར་མཆོག་གི་ནང་ན་ཡ་ཧོ་ཝཱའི་གཟི་བརྗིད་ཆོས་ཚོགས་ཐམས་ཅད་ལ་ཤར་རོ༎
༡༡ ཡང་ཡ་ཧོ་ཝཱས་མོ་ཤེ་ལ། ནམ་གྱི་བར་དུ་མི་སྡེ་འདིས་ང་ལ་ཁྱད་དུ་གསོད། ངས་དེ་དག་གི་ཁྲོད་དུ་ལྟས་ཐམས་ཅད་བསྟན། ནམ་གྱི་བར་དུ་ང་ལ་དད་པ་བྱེད་མི་ཡོང་། ༡༢ ངས་དེ་དག་གཉན་ནད་ཀྱིས་བརྡུང་བ་དང་། ནོར་སྐལ་མི་ཐོབ་པ་བྱེད། དེ་དག་ལས་མི་བརྒྱུད་ཆེ་བ་དང་དབང་དང་ལྡན་པ་ཞིག་ཁྱོད་ཀྱི་ནང་ནས་བྱེད་པར་བྱའོ་གསུངས།
༡༣ ཡང་མོ་ཤེས་ཡ་ཧོ་ཝཱ་ལ་ཞུས་པ། དེ་ནས་མི་སེར་པ་རྣམས་ཀྱིས་དེ་ཐོས་པར་འགྱུར། ཅི་ལ་ཞེ་ན། ཁྱེད་ནི་ཉིད་ཀྱི་དབང་གིས་མི་སྡེ་འདི་དེ་དག་གི་དཀྱིལ་ནས་འདི་རུ་ཁྲིད་པ་ཡིན་ཏེ། ༡༤ དེ་དག་གིས་ཡུལ་འདི་ལ་གནས་པ་རྣམས་ལ་བཤད་ཡོང་། ཁྱེད་ཡ་ཧོ་ཝཱ་མི་སྡེ་འདིའི་དཀྱིལ་དུ་བཞུགས་འདུག་དེ་དག་གིས་དེ་ཐོས་པ་ཡིན། ཅི་ལ་ཟེར་ན། ཁྱེད་ཡ་ཧོ་ཝཱ་གདོང་ནས་གདོང་དུ་མཐོང་བ་དང་། ཁྱེད་ཀྱི་སྤྲིན་ནི་ཁོ་རྣམས་ཀྱི་སྟེང་དུ་ཀྱེ་རེ་འགྲེང་། ཉི་མ་ལ་ཁྱེད་ནི་སྤྲིན་གྱི་ཀ་བ་ཞིག་གི་ངང་ལ་དང་། མཚན་མོ་ལ་མེའི་ཀ་བ་ཞིག་གི་ངང་ལ་ཁོ་རྣམས་ཀྱི་སྔོན་དུ་ཕེབས་པའི་ཕྱིར་རོ། ༡༥ ད་ཁྱེད་ཀྱིས་མི་བརྒྱུད་འདི་མི་གཅིག་ལྟར་མེད་པར་མཛད་ན། དེ་ནས་ཁྱེད་ཀྱི་སྙན་གྲགས་ཐོས་པའི་མི་བརྒྱུད་རྣམས་ལབ་ཅིང་འདི་ཟེར་ཡོང་། ༡༦ ཡ་ཧོ་ཝཱ་མནའ་ཡིས་དེ་དག་ལ་གནང་བའི་ཡུལ་དུ་འཁྲིད་མ་ཐུབ། དེའི་ཕྱིར་ཁོང་གིས་འབྲོག་སྟོང་དུ་དེ་དག་མེད་པར་མཛད་དོ། ༡༧ ད་ངས་ཞུ་བ་འདི་འབུལ། ཡ་ཧོ་ཝཱའི་དབང་ཆེན་པོ་ཡིན་པར་སྟོན་ཅིག ཁྱེད་རང་གིས་བཀའ་གསུངས་པ་བཞིན་དུ་འདི་ལྟར་རོ། ༡༨ ཡ་ཧོ་ཝཱ་ནི་ཐུགས་འཁྲོ་རུ་འགོར་ཞིང་། ཐུགས་བརྩེ་བ་ཆེ། ཉེས་སྡིག་དང་འགལ་སེལ་ཞིང་། ནོངས་ཅན་ཡིན་པ་དེ་རྩ་ནས་འདག་པར་མི་བྱ། ཕ་རྣམས་ཀྱི་ཉེས་སྡིག་མི་རབས་གསུམ་པ་དང་བཞི་པའི་བར་དུ་ཕྲུ་གུ་རྣམས་ལ་ཆད་པ་མྱོང་བར་མཛད་དོ། ༡༩ ཁྱེད་ཀྱི་ཐུགས་རྗེ་ཆེན་པོ་བཞིན་དུ་མི་སྡེ་འདིའི་ཉེས་སྡིག་སེལ་བར་མཛོད་ཅིག མི་སེར་ཡུལ་ནས་དེ་རིང་གི་བར་དུ་མི་སྡེ་འདི་ལ་སྡིག་སེལ་གནང་བ་བཞིན་ནོ་ངས་ཁྱེད་ལ་གསོལ་བ་འདེབས་སོ་ཞུས་ནས།
༢༠ ཡ་ཧོ་ཝཱས་གསུངས་པ། ངས་ཁྱོད་ཀྱི་གསོལ་བ་ནང་བཞིན་བཟོད་ཅིང་ཆད་པ་མ་བཅད་དོ། ༢༡ འོན་ཀྱང་ང་ནི་ངེས་པར་གསོན་པོ་ཡིན་པ་དང་། ཡ་ཧོ་ཝཱའི་གཟི་བརྗིད་ཀྱིས་ས་གཞི་ཚང་མ་དགང་བར་བྱ་བ་ལྟར། ༢༢ མི་འདི་ཐམས་ཅད་ཀྱིས་ངའི་གཟི་བརྗིད་དང་ངས་མི་སེར་ཡུལ་དང་འབྲོག་སྟོང་དུ་བསྟན་པའི་ལྟས་མཐོང་ཡང་། ལན་བཅུ་ང་ལ་ཚོད་ལེན་ཞིང་ངའི་སྒྲ་ལ་མ་ཉན་ཏོ། ༢༣ ངས་དེ་དག་གི་ཕ་མེས་ལ་མནའ་ཡིས་བཏང་བའི་ཡུལ་ནི་དེ་དག་གི་ནང་ནས་སུས་ཀྱང་མཐོང་མི་ཡོང་། ང་ལ་མ་བལྟས་པ་རྣམས་ནས་གང་གིས་ཀྱང་དེ་མཐོང་བར་མི་འགྱུར་རོ། ༢༤ འོན་ཀྱང་ངའི་གཡོག་པོ་ཀ་ལེབ་སེམས་ཉིད་གཞན་ཞིག་ཡོད་དེ། རྩ་ནས་ངའི་རྗེས་སུ་འབྲངས་ཏེ་ཡུལ་ལྟ་རུ་སོང་མཁན་དེ་ནི་ངས་ཡུལ་དེའི་ནང་དུ་འཁྲིད་པར་བྱ། དེའི་ས་བོན་ལ་དེ་ཐོབ་པར་འགྱུར་རོ། ༢༥ ད་ལྟ་ཨ་མ་ལེག་པ་དང་ཀ་ན་ཨན་པ་རྣམས་ལུང་པ་དེའི་ནང་ན་གནས་སོ། སང་ཉིན་ཁྱེད་རྒྱབ་སྒྱུར་ནས་རྒྱ་མཚོ་དམར་པོའི་ལམ་ནས་འབྲོག་སྟོང་དུ་སོང་ཞིག
༢༦ ཡང་ཡ་ཧོ་ཝཱས་མོ་ཤེ་དང་ཨ་རོན་ལ་འདི་སྐད་ཅེས་གསུངས་པ། ༢༧ ཆོས་ཚོགས་ངན་པ་འདིས་ང་ལ་འཁྲོ་བའི་ཕྱིར་ནམ་བར་དུ་བཟོད་པ་བྱེད་པར་དགོས། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ང་ལ་མི་དགའ་བའི་གཏམ་བྱེད་པ་དེ་ངས་ཐོས་སོ། ༢༨ ཁོ་རྣམས་ལ་འདི་ཟེར་ཞིག ཡ་ཧོ་ཝཱས་འདི་སྐད་དུ། ང་གསོན་པོ་ཡིན་པ་ལྟར། ཇི་ལྟར་ཁྱོད་ཚོས་ངའི་སྙན་ལ་གཏམ་བྱས་པ་དེ་ལྟར་ངས་ངེས་པར་བྱེད་པར་བྱ། ༢༩ ཁྱོད་ཅག་གི་གཟུགས་པོ་རྣམས་འབྲོག་སྟོང་འདིའི་ནང་ན་ཤི་དགོས། ཁྱེད་ལོ་ཉི་ཤུ་ནས་གྱེན་ལ་བརྩིས་པར་གྱུར་པ་དང་ང་ལ་མི་དགའ་བའི་གཏམ་བྱས་པ་ཐམས་ཅད་གང་ཡུལ་དུ་གནས་པར་བྱ་བའི་ཕྱིར་ངས་དེའི་སྟེང་དུ་ལག་པ་བཏེགས་ཀྱང་། ༣༠ ཡེ་ཕུན་ནེ་ཡི་བུ་ཀ་ལེབ་དང་ནུན་གྱི་བུ་ཡོ་ཤུ་ཨ་མ་གཏོགས་པར་དེའི་ནང་དུ་གང་ཡང་འཇུག་པར་མི་བྱའོ། ༣༡ འོན་ཀྱང་ཁྱོད་ཚོའི་ཕྲུ་གུ་ཆུང་བ་རྣམས། ཁྱེད་ཀྱིས་ཁོ་རྣམས་བཅོམ་ནོར་ཞིག་ཏུ་འགྱུར་ཡོང་ཞེས་ཟེར་བ་དེ་དག་ངས་ནང་དུ་ཁྲིད་ནས། ཁྱེད་ཀྱིས་སྤངས་པའི་ཡུལ་དེ་ཤེས་པར་འགྱུར་རོ། ༣༢ ཁྱོད་རང་རྣམས་ལ་བལྟ་སྟེ། ཁྱེད་གཟུགས་པོ་རྣམས་དང་བཅས་པ་འབྲོག་སྟོང་འདི་ན་འཇིག་པར་བྱའོ། ༣༣ ཁྱོད་ཅག་གི་ཕྲུ་གུ་རྣམས་འབྲོག་སྟོང་འདི་ན་ལོ་བཞི་བཅུའི་བར་དུ་ལུག་རྫི་རྣམས་ཡོད་པ་དང་། རང་གི་ལོག་གཡེམ་གྱིས་ཁྱེད་ཀྱི་གཟུགས་པོ་རྣམས་འབྲོག་སྟོང་དུ་མེད་པར་མ་སོང་བའི་བར་དུ་རང་གི་ལོག་གཡེམ་འཁུར་དགོས། ༣༤ ཁྱེད་ཀྱིས་ཡུལ་བསྐོར་ཞིང་དེའི་ཚོད་བླངས་པའི་ཞག་བཞི་བཅུ་དེ་ལ་རྟེན་ཏེ་ཞག་རེ་ལོ་གཅིག་བརྩིས་ནས། ལོ་བཞི་བཅུ་བར་དུ་ཁྱེད་རང་གི་ཉེས་སྡིག་འཁུར་དགོས། ངས་ཁྱེད་ཚོ་ལ་སྐྱབས་མི་བྱེད་པ་དེ་གང་ཡིན་ཁྱེད་ཤེས་པའི་ཕྱིར་རོ། ༣༥ ང་ཡ་ཧོ་ཝཱས་ནི་སྨྲས་སོ། ང་ལ་འཐབ་པའི་ཕྱིར་འཛོམས་ཡོད་པའི་ཚོགས་ངན་དེ་ལ་ངས་ནན་ཏན་དེ་ལྟར་བྱེད་པར་བྱ། འབྲོག་སྟོང་འདི་ན་དེ་དག་མེད་པར་བྱ། དེ་ན་དེ་ཚོ་ཤི་དགོས་སོ་ཞེས་གསུངས་སོ༎
༣༦ ཡང་མོ་ཤེས་ཡུལ་གྱི་ཚོད་ལེན་པའི་དོན་དུ་བཏང་བའི་མི་དེ་དག་ལོག་ནས་ཡུལ་གྱི་གནས་ཚུལ་ངན་པ་ཞིག་ཡིན་ཟེར་བའི་སྒོ་ནས་ཆོས་ཚོགས་ཐམས་ཅད་ཁོང་ལ་ཚིག་པ་ཟར་བཅུག་སྟེ། ༣༧ ཡུལ་ངན་པ་ཡིན་ཅེས་པའི་སྐད་ཆ་འཁྱེར་འོངས་མཁན་དེ་དག་རང་ཡ་ཧོ་ཝཱའི་དྲུང་དུ་གཉན་ནད་ཀྱིས་ཤིའོ། ༣༨ འོན་ཀྱང་ནུན་གྱི་བུ་ཡོ་ཤུ་ཨ་དང་ཡེ་ཕུན་ནེའི་བུ་ཀ་ལེབ་གཉིས་ཡུལ་ལ་འཁོར་མཁན་གྱི་མིའི་ནང་ནས་གསོན་པོར་ལུས་སོ༎
༣༩ ཡང་མོ་ཤེས་གཏམ་དེ་ཨིས་ར་ཨེལ་གྱི་བུ་ཐམས་ཅད་ལ་བཤད་དོ། ཡང་མི་རྣམས་ཀྱིས་འབར་བར་བྱས་སོ། ༤༠ ཡང་ཁོ་རྣམས་སང་ཉིན་སྔ་དྲོ་ལངས་ནས་རི་རྩེ་ལ་སོང་བ་དང་ཟེར་པ། ལྟོས་ཤིག ང་ཚོ་འདིར་ཡོད་དེ། ད་གྱེན་དུ་ཡ་ཧོ་ཝཱས་ཞལ་བཞེས་པའི་གནས་སུ་འགྲོ་བར་བྱ། ང་ཚོས་སྡིག་པ་བྱས་པའི་ཕྱིར་རོ། ༤༡ མོ་ཤེས་གསུངས་པ། ཁྱེད་ད་ལྟ་གང་གི་སྐོར་ལ་ཡ་ཧོ་ཝཱའི་བཀའ་དང་འགལ། དེ་ནི་བཀྲ་ཤིས་པ་ཞིག་ཏུ་འགྲོ་མི་ཡོང་ཤེས་ཤིག ༤༢ ཡ་ཧོ་ཝཱ་ཁྱོད་ཚོ་དང་མཉམ་དུ་མི་བཞུགས་པས། དགྲ་རྣམས་ཀྱིས་ཁྱེད་ཚོ་མི་འཇོམས་པའི་ཕྱིར་གྱེན་དུ་མ་འགྲོ། ༤༣ གང་ལ་ཟེར་ན། ཨ་མ་ལེག་པ་དང་ཀ་ན་ཨན་པ་རྣམས་ཁྱོད་ཚོའི་གདོང་དུ་ཡོད་དེ། རལ་གྲི་ནས་ཤི་ཡོང་། ཁྱོད་ཚོ་ཡ་ཧོ་ཝཱའི་རྗེས་སུ་འབྲངས་པ་དེ་སྤངས་བས། ཡ་ཧོ་ཝཱ་ཁྱེད་དང་མཉམ་དུ་བཞུགས་པར་མི་འགྱུར་རོ། ༤༤ ཡིན་ཀྱང་དེ་དག་བཀའ་ལ་མ་ཉན་ཏེ། རིའི་རྩེ་ལ་སོང་ཡང་། ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་དང་མོ་ཤེ་ནི་སྒར་ནས་མ་ཕེབས་སོ། ༤༥ དེ་ནས་ཨ་མ་ལེག་པ་དང་ཀ་ན་ཨན་པ་རྣམས་བབས་ནས། ཁོ་རྣམས་ལ་བརྡུངས་པ་དང་། ཧོར་མཱ་བྱ་བའི་གནས་ཀྱི་བར་དུ་དེད་དོ༎