༡༣
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ།  ངས་ཨིས་ར་ཨེལ་གྱི་བུ་ཚོ་ལ་སྟེར་བར་བྱ་བའི་ཀ་ན་ཨན་ཡུལ་གྱི་ཚོད་ལྟ་བའི་ཕྱིར་ཁྱོད་ཀྱིས་མི་རྣམས་ཐོང་ལ། ཕ་རྣམས་ཀྱི་སྟེ་རེ་ལས་མི་རེ་ཞེ་ན། དེ་དག་གི་སྡེ་དཔོན་རེ་ཐོང་ཞིག་ཅེས་བཀའ་གནང་ངོ་།  མོ་ཤེས་ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་འབྲོག་སྟོང་ཕ་རན་ནས་ཨིས་ར་ཨེལ་གྱི་བུ་ཚོའི་འགོ་བྱེད་ཡིན་པའི་མི་རྣམས་བཏང་ངོ་།  དེ་དག་གི་མིང་ནི་སྡེ་རུ་བེན་གྱི་ཕྱིར་ཟག་ཀུར་གྱི་བུ་ཤམ་མུ་ཨ་དང་།  སྡེ་ཤིམ་ཨོན་གྱི་ཕྱིར་ཧོ་རིའི་བུ་ཤ་ཕད་དང་།  སྡེ་ཡ་ཧུ་དཱ་ཡི་ཕྱིར་ཡེ་ཕུན་ནེའི་བུ་ཀ་ལེབ་དང་།  སྡེ་ཨི་ས་གར་གྱི་ཕྱིར་ཡོ་སེབ་ཀྱི་བུ་ཡི་གལ་དང་།  སྡེ་ཨེབ་ར་ཨིམ་གྱི་ཕྱིར་ནུན་གྱི་བུ་ཧོ་ཤེ་ཨ་དང་།  སྡེ་བེན་ཡ་མིན་གྱི་ཕྱིར་ར་ཕུའི་བུ་ཕལ་ཏི་དང་། ༡༠ སྡེ་ཟེ་བུ་ལོན་གྱི་ཕྱིར་སོ་དཱིའི་བུ་གད་དི་ཨེལ་དང་། ༡༡ སྡེ་ཡོ་སེབ་ནས་མ་ན་ཤེའི་ཕྱིར་སུ་སིའི་བུ་གད་དཱི་དང་། ༡༢ སྡེ་དཱན་གྱི་ཕྱིར་གེ་མལ་ལིའི་བུ་ཨམ་མི་ཨེལ་དང་། ༡༣ སྡེ་ཨ་ཤེར་གྱི་ཕྱིར་མི་ཀ་ཨེལ་གྱི་བུ་སེ་ཐཱར་དང་། ༡༤ སྡེ་ནབ་ཐ་ལི་ཡི་ཕྱིར་ཝོབ་སིའི་བུ་ནག་བི་དང་། ༡༥ སྡེ་གད་ཀྱི་ཕྱིར་མ་ཀིའི་བུ་གེ་ཨུ་ཨེལ་ལོ། ༡༦ མོ་ཤེས་ཡུལ་གྱི་ཚོད་ལེན་པའི་ཕྱིར་བཏང་བའི་མི་རྣམས་ཀྱི་མིང་དེ་ཡིན། མོ་ཤེས་ནུན་གྱི་བུ་ཧོ་ཤེ་ཨའི་མིང་ནི་ཡོ་ཤུ་ཨ་ཞེས་བཏགས་སོ༎
༡༧ མོ་ཤེས་དེ་དག་ཀ་ན་ཨན་ཡུལ་གྱི་ཚོད་ལེན་པའི་ཕྱིར་བཏང་བའི་སྐབས་སུ་དེ་དག་ལ་འདི་སྐད་དུ། ལྷོ་ཡུལ་དུ་སོང་ནས། གྱེན་ལ་རི་རྒྱུད་དུ་སོང་ཞིག ༡༨ ཡུལ་ནི་ཅི་ལྟར་ཡོད་པ་དང་། དེར་གནས་པའི་མི་བརྒྱུད་སྟོབས་ཅན་ནམ་སྟོབས་ཆུང་བ་ཡིན་པ་དང་། མང་པོའམ་ཉུང་བ་ཡོད་པ་དང་། ༡༩ དེ་དག་ཚུགས་པའི་ཡུལ་ནི་བཟང་པོའམ་ངན་པ་ཡིན་པ་དང་། གང་ན་དེ་དག་གནས་པའི་གྲོང་ཁྱེར་ནང་དེ་དག་སྒར་རམ་རྫོང་རྣམས་ནང་གནས་པ་དང་། ༢༠ ས་གཞི་ནི་བཅུད་ཅན་ནམ་བཅུད་མེད་པ་དང་། དེར་ཤིང་སྡོང་ཡོད་དམ་མེད་ལྟོས་དང་། སྙིང་ཆེན་པོ་སྐྱེད་ལ་ཡུལ་ན་སྐྱེས་པའི་འབྲས་བུ་ལས་འཁྱེར་ཤོག་ཅིག་ཅེས་སྨྲས་སོ། དེའི་དུས་ནི་སྔོན་དུ་སྨིན་པའི་རྒུན་འབྲུམ་གྱི་དུས་ཡིན་ནོ༎
༢༡ ཡང་དེ་དག་གྱེན་དུ་སོང་སྟེ་འབྲོག་སྟོང་ཚིན་ནས་ཧ་མད་ཀྱི་ལམ་ལ་ཡོད་པའི་རེ་ཧོབ་ཀྱི་བར་དུ་ཡུལ་གྱི་ཚོད་བླངས་སོ། ༢༢ ལྷོ་ཡུལ་དུ་ཡང་སོང་སྟེ་ཧེབ་རོན་དུ་ཕྱིན་པ་དང་། དེར་ཨ་ནག་གི་བུ་རྣམས་ཨ་ཧི་མན་དང་ཤེ་ཤཱ་ཨི་དང་ཐལ་མཱ་ཨི་གསུམ་ཡོད་པ་ཡིན། མི་སེར་ཡུལ་ན་ཚོ་ཨན་ལས་ཧེབ་རོན་ནི་ལོ་བདུན་སྔར་ཚུགས་པ་ཡིན། ༢༣ ཡང་ཁོ་རྣམས་ལུང་པ་ཨེས་ཀོལ་གྱི་བར་དུ་ཕྱིན་ཏེ། དེར་རྒུན་ཤིང་གི་ཡལ་ག་རྒུན་འབྲུམ་དང་བཅས་པ་ཞིག་བཅད་ནས་མི་གཉིས་ཀྱིས་དེ་གདང་བུ་ཞིག་ལ་ཁུར་ཏེ། སེ་འབྲུ་དང་སེ་ཡབ་ཡང་ཁྱེར་ཏོ། ༢༤ ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་རྒུན་འབྲུམ་བཅད་པའི་ཕྱིར་དུ་གནས་དེའི་མིང་ནི་ལུང་པ་ཨེས་ཀོལ་ཞེས་བཏགས་སོ༎
༢༥ ཡང་ཉིན་ཞག་བཞི་བཅུ་སོང་ནས་དེ་དག་ཡུལ་གྱི་ཚོད་བླངས་ནས་ཕྱིར་ལོག་གོ། ༢༦ ཡང་འགྲོ་བ་ལས་འབྲོག་སྟོང་ཕ་རན་ན་ཡོད་པའི་ཁ་དཱེས་སུ་མོ་ཤེ་དང་ཨ་རོན་དང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཚོགས་ཀྱི་མདུན་དུ་ཕྱིན་ནས་དེ་དག་ཚོགས་ཚང་མ་དང་བཅས་པ་ལ་གནས་ཚུལ་བཤད་ནས་ཡུལ་གྱི་ཤིང་ཐོག་དེ་དག་ལ་བསྟན་ཏོ། ༢༧ ཡང་དེ་དག་གིས་དེ་ལ་འདི་སྐད་དུ། ཁྱེད་ཀྱིས་གང་གི་ཡུལ་དུ་ངེད་བཏང་བ་དེར་ཕྱིན་པ་དང་། དེ་ནི་ངོ་ཐོག་འོ་མ་དང་སྦྲང་རྩིས་གང་འདུག དེའི་ཤིང་ཐོག་འདི་ཡིན། ༢༨ འོན་ཀྱང་ཡུལ་ན་གནས་པའི་མི་བརྒྱུད་སྟོབས་ཆེ་བ་དང་། གྲོང་ཁྱེར་རྣམས་ལྕགས་རིས་བསྐོར་ཡོད་པ་དང་བཙན་པོ་ཡིན་ཏེ། ངེད་ཀྱིས་དེར་ཨ་ནག་གི་བུ་ཚོ་ཡང་མཐོང་ངོ་། ༢༩ ལྷོ་ཡུལ་ན་ཨ་མ་ལེག་པ་རྣམས་གནས། ཧེད་པ་དང་ཡེ་བུས་པ་དང་ཨ་མོར་པ་དེ་དག་རི་རྣམས་ལ་གནས། རྒྱ་མཚོའི་འགྲམ་དང་ཡོར་དན་ཆུ་བོའི་ཕྱོགས་སུ་ཀ་ན་ཨན་པ་རྣམས་གནས་སོ་ཞེས་བཤད་དོ༎
༣༠ འོན་ཀྱང་ཀ་ལེབ་ཀྱིས་མོ་ཤེའི་མདུན་དུ་མི་ཚོགས་ཞི་བར་བྱས་ཤིང་སྨྲས་པ། ངེད་ཀྱིས་ཡུལ་དེ་ཐུབ་པ་ལས་སླ་པོ་ཡིན། ངེད་གྱེན་དུ་འགྲོ་ཞིང་འཇོམས་པར་བྱ། ༣༡ འོན་ཀྱང་ཁོ་དང་འགྲོགས་ཏེ་གྱེན་དུ་སོང་བའི་མི་དེ་དག་གིས། ངེད་ལས་མི་བརྒྱུད་དེ་སྟོབས་ཆེ་བས་ངེད་ཀྱིས་དེ་དག་ལ་རྒོལ་བའི་ཕྱིར་གྱེན་དུ་འགྲོ་བར་མི་ནུས་ཞེས་ཟེར་ཏོ། ༣༢ དེ་རྣམས་ཀྱིས་ཚོད་བླངས་པའི་ཡུལ་གྱི་གཏམ་ཨིས་ར་ཨེལ་གྱི་བུ་ཚོའི་མདུན་དུ་ངན་པར་བྱེད་དེ། གང་ལ་ངེད་ཀྱིས་ཚོད་བླངས་ཤིང་རྒྱུ་བའི་ཡུལ་དེས་དེར་གནས་པའི་མི་རྣམས་ཟ་བ་དང་། ངེད་དེར་མཐོང་བའི་མི་བརྒྱུད་ཐམས་ཅད་ནི་ལུས་གཟུགས་རིང་བ་ཡིན། ༣༣ དེར་སྟོབས་ཆེན་པོ་རྣམས་ནས་ཆད་པའི་སྟོབས་ཆེན་པོ་ཨ་ནག་གི་བུ་ཚོ་ཡང་མཐོང་སྟེ་ང་ཚོའི་མཐོང་སྣང་ལ་ང་ཚོ་ཆ་ག་འབུ་ལྟར་ཡོད་པ་དང་། དེ་ལྟར་དེ་དག་གི་མཐོང་སྣང་ལ་ངེད་ཀྱང་ཡོད་པ་ཡིན་ཞེས་སྨྲས་སོ༎