༡༢
ཡང་མོ་ཤེས་ཀུས་མ་ཞིག་ཆུང་མར་བླངས་པས་ཀུས་མ་བུད་མེད་དེའི་ཕྱིར་མིར་ཡམ་དང་ཨ་རོན་གྱིས་དེ་ལ་རྒོལ་བར་བྱས་སོ། ༢ དེ་གཉིས་ཀྱིས། ཡ་ཧོ་ཝཱས་མོ་ཤེ་འབའ་ཞིག་ལ་གསུང་གླེང་མཛད་པ་ཡིན་ནམ། ངེད་ལ་ཡང་ཁོང་གིས་གསུང་གླེང་མཛད་པ་མ་ཡིན་ནམ་ཞེས་སྨྲས་པ་ཡ་ཧོ་ཝཱས་གསན་ནོ། ༣ འོན་ཀྱང་ས་གཞི་ལ་ཡོད་པའི་མི་ཐམས་ཅད་པས་སྐྱེས་བུ་མོ་ཤེ་ཤིན་ཏུ་སེམས་དུལ་པོ་ཡོད་པ་ཡིན། ༤ ཡང་གློ་བུར་དུ་ཡ་ཧོ་ཝཱས་མོ་ཤེ་དང་ཨ་རོན་དང་མིར་ཡམ་ལ་འདི་སྐད་དུ། ཁྱེད་གསུམ་ཀ་ཕྱི་རུ་འདུན་མའི་གུར་མཆོག་གི་མདུན་དུ་སོང་ཞིག་ཅེས་བཀའ་གནང་བས། གསུམ་ཀ་ཕྱི་རོལ་ཏུ་སོང་ངོ་། ༥ ཡང་ཡ་ཧོ་ཝཱ་སྤྲིན་གྱི་ཀ་བ་ཞིག་གི་ནང་ན་བབས་ནས་གུར་མཆོག་གི་སྒོ་རུ་བཞུགས་པ་དང་། ཨ་རོན་དང་མིར་ཡམ་གཉིས་ཀ་ལ་བོས་པར་མཛད་ནས། དེ་གཉིས་ཕྱི་རོལ་ཏུ་བྱུང་ངོ་། ༦ ཡང་ཁོང་གིས། ངའི་གཏམ་ལ་ཉོན་ཞིག ཡ་ཧོ་ཝཱའི་ལུང་སྟོན་པ་ཞིག་ཁྱེད་ཀྱི་ནང་ན་ཡོད་ན། ཞལ་གཟིགས་ནང་ངས་དེ་ལ་ང་རང་མངོན་པར་བྱེད་དེ། རྨི་ལམ་ནང་ངས་དེ་ལ་གསུང་བར་བྱ། ༧ དེ་ལྟར་ངའི་གཡོག་པོ་མོ་ཤེ་མ་ཡིན། དེ་ནི་ངའི་ཁང་པ་ཚང་མའི་ནང་ན་བློ་དྲང་བ་ཡིན། ༨ ངས་དེ་ལ་གབ་ཚིག་ནང་མི་གསུང་བར། མངོན་སུམ་དུ་སྨྲ། དེས་ནི་ཡ་ཧོ་ཝཱའི་དབྱིབས་ཀྱང་གདོང་ནས་གདོང་ལ་མཐོང་ངོ་། ད་ཁྱེད་ཀྱིས་ངའི་གཡོག་པོ་མོ་ཤེ་ལ་གཏམ་ངན་བྱེད་པ་ལ་ཅིའི་ཕྱིར་མི་འཇིགས་ཤེས་གསུངས་ནས།༩ ཡ་ཧོ་ཝཱའི་ཐུགས་ཁྲོ་དེ་གཉིས་ལ་འབར་ཞིང་ཁོང་ཕར་ཕེབས་སོ། ༡༠ ཡང་སྤྲིན་གུར་མཆོག་ནས་ཕེབས་ནས། ལྟོས་ཤིག་མིར་ཡམ་ཁ་བ་ལྟར་མཛེ་ནད་ཀྱིས་བཏབ་པ་དང་། ཨ་རོན་་མིར་ཡམ་ལ་བལྟས་ནས། ལྟོས་ཤིག་དེ་ནི་མཛེ་ཅན་གྱུར་ཏོ། ༡༡ དེར་ཨ་རོན་གྱིས་མོ་ཤེ་ལ། ཇོ་བོ་ངེད་གླེན་པར་སོང་ནས་སྡིག་པ་བྱས་པས། སྡིག་པའི་ལ་ཡོགས་དེ་ངེད་ལ་འགེལ་བར་མ་མཛད་ཅིག ༡༢ དེ་ནི་མའི་མངལ་ནས་ཤི་ཚར་འཐོན་པ་དང་ཤ་ཕྱེད་རུལ་བ་ཡིན་པ་ལྟར་འགྱུར་བར་མ་གནང་ཞེས་ཞུས་སོ། ༡༣ མོ་ཤེས་ཡ་ཧོ་ཝཱ་ལ། ཀྱེ་དཀོན་མཆོག་ཁོ་གསོ་བར་མཛོད་ཅིག་ཅེས་འབོད་ཅིང་ཞུས་སོ། ༡༤ ཡ་ཧོ་ཝཱས་མོ་ཤེ་ལ། གལ་ཏེ་ཕས་དེའི་གདོང་ལ་མཆིལ་མ་གཏོར་ན། མོ་དེ་ཞག་བདུན་གྱི་བར་དུ་ངོ་ཚ་མི་བྱའམ། ཞག་བདུན་གྱི་བར་དུ་ཁོ་སྒར་གྱི་ཕྱི་རོལ་ཏུ་བཀག་ནས། དེའི་རྗེས་སུ་ཡང་ནང་དུ་འཁྲིད་པར་རུང་ངོ་ཞེས་གསུངས་སོ། ༡༥ ཡང་མིར་ཡམ་སྒར་གྱི་ཕྱི་རོལ་ཏུ་ཞག་བདུན་གྱི་བར་དུ་བཀག་པར་གྱུར་ཏོ། མིར་ཡམ་ཡང་སྐྱར་ནང་དུ་མ་ཁྲིད་པའི་བར་དུ་མི་ཚོགས་མ་ཆས་སོ། ༡༦ དེའི་རྗེས་སུ་མི་ཚོགས་ཧ་ཚེ་རོད་ནས་སོང་བ་དང་། འབྲོག་སྟོང་ཕ་རན་ན་སྒར་བཏབ་བོ༎