༡༡
ཡང་མི་ཚོགས་ཡ་ཧོ་ཝཱའི་སྙན་དུ་འབར་ཞིང་གཏམ་ངན་བྱེད་པ་ལྟར་གྱུར་པ་དང་། ཡ་ཧོ་ཝཱས་དེ་གསན་ནས་ཐུགས་ཁྲོས་ཤིང་ཡ་ཧོ་ཝཱའི་མེ་དེ་དག་གི་ནང་ན་འབར་བ་ལས་སྒར་གྱི་མཐའ་མ་ནས་ཟོས་སོ། ༢ ཡང་མི་སྡེས་མོ་ཤེའི་ཕྱོགས་སུ་ངུ་སྐད་བོས་ནས་མོ་ཤེས་ཡ་ཧོ་ཝཱ་ལ་གསོལ་བ་བཏབ་པས་མེ་ཤིའོ། ༣ ཡང་གནས་དེའི་མིང་ནི་ཐ་བེ་ཨེ་རཱ་ཞེས་བཏགས་སོ། དེ་དག་གི་ནང་ན་ཡ་ཧོ་ཝཱའི་མེ་འབར་བའི་ཕྱིར་རོ༎༤ ཡང་དེ་དག་གི་ཁྲོད་དུ་ཡོད་པའི་རིགས་ངན་རྣམས་ཀྱིས་འདོད་ཆགས་སྐྱེད་པ་དང་། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཀྱང་ངུ་ཞིང་འདི་སྐད་དུ། སུས་ང་ཚོ་ལ་ཁབ་ཟས་སུ་ཤ་སྟེར་ཡོང་། ༥ ང་ཚོ་མི་སེར་ཡུལ་ན་རིན་མེད་ལ་ཟོས་པའི་ཉ་དང་གོན་དང་ག་གོན་དང་རི་སྒོག་དང་བཙོང་དང་སྒོག་པ་དྲན་ནོ། ༦ ང་ཚོའི་སེམས་སྐྱོ་སྟེ། ཅིའང་མི་གདའ་སྟེ་མན་ནཱ་གཅིག་པོ་དེ་ལ་ང་ཚོས་ལྟ་བར་བྱེད་ཟེར་ཏོ༎
༧ མན་ནཱ་དེ་ནི་འུ་སུའི་ས་བོན་ལྟར་ཡིན་ཞིང་དེ་ལ་ལྟ་ན་བེ་དེལ་ཡོན་ལྟར་ཡོད་དོ། ༨ མི་སྡེ་སོང་སྟེ་དེ་བསྡུས་ནས་རང་འཐག་དང་བཏགས། གཏུན་ནང་བརྡུངས། སྣོད་ཀྱི་ནང་ན་བསྐོལ། དེ་ལས་བག་ལེབ་ཡང་བྱས་སོ། དེའི་རོ་ནི་མར་ཁུའི་བག་ལེབ་ཀྱི་རོ་དང་འདྲའོ། ༩ ཡང་མཚན་མོ་ལ་སྒར་ལ་ཟིལ་པ་བབ་པའི་ཚེ་དེའི་ཁར་མན་ནཱ་ཡང་བབས་སོ༎
༡༠ ཡང་མི་ཚོགས་རང་གི་བརྒྱུད་བརྒྱུད་བཞིན་དུ་མི་རེ་རང་གི་གུར་གྱི་སྒོའི་འགྲམ་དུ་ངུ་བ་དེ་མོ་ཤེས་ཐོས་པ་ལས་ཡ་ཧོ་ཝཱའི་ཐུགས་ཁྲོ་བ་རབ་ཏུ་འབར་བ་དང་། མོ་ཤེ་ཡང་མི་དགའ་བར་གྱུར་ཏོ། ༡༡ ཡང་མོ་ཤེས་ཡ་ཧོ་ཝཱ་ལ་འདི་སྐད་དུ། ཁྱེད་ཀྱི་བྲན་པོ་ལ་ཅིའི་ཕྱིར་དེ་ལྟར་ངན་པར་མཛད། ཁྱེད་ཀྱིས་བདག་ལ་ཅིའི་ཕྱིར་ཐུགས་རྗེས་མ་གཟིགས། ཁྱེད་ཀྱིས་མི་བརྒྱུད་འདི་ཐམས་ཅད་ཀྱི་ཁལ་ང་ལ་བཀལ་ལོ། ༡༢ ཁྱེད་ང་ལ། ཇི་ལྟར་འཚོ་རྫིས་ཞོ་འཐུང་པང་ལ་འཁུར་བ་དེ་ལྟར་ཁྱོད་ཀྱི་ཕ་མེས་ལ་དབུ་མནའ་བཞེས་བཞིན་གནང་རྒྱུ་ཡིན་པའི་ཡུལ་དེ་རུ་མི་བརྒྱུད་དེ་པང་ལ་འཁུར་ཞིང་འཁྱེར་ཅིག་ཅེས་གསུང་བར་སྲིད་དམ། མི་བརྒྱུད་འདི་ནི་ངའི་མངལ་དུ་ཞུགས་སམ་ངའི་མངལ་ནས་བྱུང་ངམ། ༡༣ དེ་ཚོས་ང་ལ་ཟ་བའི་ཕྱིར་ཤ་ང་ཚོ་ལ་སྟེར་ཞིག་ཅེས་ངུ་ཞིང་ང་ལ་ཟེར། མི་སྡེ་འདི་ཐམས་ཅད་ལ་སྟེར་བའི་ཕྱིར་ངས་ཤ་གང་ནས་རྙེད། ༡༤ མི་སྡེ་འདི་ཐམས་ཅད་ངའི་ཕྱིར་ལྕི་བ་ཡིན་པས་ང་གཅིག་པུས་དེ་འཁུར་མི་ནུས་སོ། ༡༥ ཡང་ཁྱེད་ཀྱིས་ང་ལ་དེ་ལྟར་མཛད་པར་དགོངས་ན་ང་ནི་རང་གི་སྡུག་བསྔལ་མི་མཐོང་བའི་ཕྱིར་ཐུགས་རྗེས་གཟིགས་ལ་བདག་གསོད་པར་མཛོད་ཅིག་ཅེས་ཞུས་སོ༎
༡༦ ཡ་ཧོ་ཝཱས་མོ་ཤེ་ལ། ཨིས་ར་ཨེལ་གྱི་རྒན་པོ་རྣམས་ནས་བདུན་ཅུ་དེ་ནི། ཁྱོད་དེ་དག་མི་ཚོགས་ཀྱི་རྒན་པོ་དང་འགོ་པ་ཡིན་པར་ཤེས་པ་དེ་ངའི་ཕྱིར་སྡུས་ལ་དེ་དག་ཁྱོད་དང་སྒྲིག་སྟེ་སྡོད་པའི་ཕྱིར་འདུན་མའི་གུར་མཆོག་གི་མདུན་དུ་འཁྲིད་ཤོག ༡༧ ཡང་ང་ནི་བབས་ནས་ཁྱོད་དང་དེར་གསུང་གླེང་བྱེད་ཅིང་ཁྱོད་ཀྱི་སྟེང་ན་ཡོད་པའི་སེམས་ཉིད་ལས་བླངས་ནས་དེ་དག་གི་སྟེང་དུ་འཇོག་པར་འགྱུར། ཁྱོད་གཅིག་པུས་མི་ཚོགས་ཀྱི་ཁལ་མི་འཁུར་གྱི་དེ་དག་ཁྱོད་དང་མཉམ་དུ་དེ་འཁུར་བའི་ཕྱིར་རོ། ༡༨ ཡང་ཁྱོད་ཀྱིས་མི་ཚོགས་ལ་འདི་སྐད་ཅེས་སྨྲ་བར་དགོས། ཤ་ཟ་བའི་ཕྱིར་ཁྱོད་ཅག་གིས་སང་ཉིན་གྱི་ཆེད་དུ་རང་དམ་པར་བྱོས་ཤིག ཅི་ལ་ཞེ་ན། ཁྱོད་ཚོ་ཡ་ཧོ་ཝཱའི་སྙན་གྱི་མདུན་དུ་ངུ་ཞིང་ང་ཚོ་ལ་ཤ་སུས་སྟེར། མི་སེར་ཡུལ་ན་ངེད་བདེ་བར་ཡོད་པ་ཡིན་ཞེས་ཟེར་བས། ད་ཁྱོད་ཚོ་ཤ་ཟ་བར་ཡ་ཧོ་ཝཱས་ཁྱོད་ཅག་ལ་གནང་ཡོང་། ༡༩ ཞག་གཅིག་གམ་ཞག་གཉིས་སམ་ཞག་ལྔའམ་ཞག་བཅུའམ་ཞག་ཉི་ཤུ་འབའ་ཞིག་ཁྱེད་ཀྱིས་ཟ་མི་ཡོང་། ༢༠ ཟླ་གཅིག་ཙམ་ཁྱོད་ཅག་གིས་ཟ་བ་དང་། ཁྱོད་རྣམས་ཀྱི་སྣ་ནས་འཐོན་ཞིང་སྐྱུག་བྲོ་བའི་བར་དུ་ཟ་བར་འགྱུར་རོ། ཁྱོད་རྣམས་ཀྱི་དཀྱིལ་དུ་བཞུགས་པའི་ཡ་ཧོ་ཝཱ་འདོར་བ་དང་ཁོང་གི་ཞལ་ངོར་ངུ་ཞིང་། ངེད་མི་སེར་ཡུལ་ནས་ཅིའི་ཕྱིར་ཐོན་སྨྲ་བའི་ཕྱིར་རོ་ཞེས་གསུངས་སོ། ༢༡ མོ་ཤེས་ཞུས་པ། གང་གི་ནང་ན་ང་ཡོད་པའི་མི་སྡེ་འདིའི་གྲངས་ནི་རྐང་ཐང་པ་དྲུག་འབུམ་ཡིན་གྱི། ཁྱོད་ཀྱིས་ངས་དེ་དག་ལ་ཟླ་གཅིག་གི་བར་དུ་ཤ་ཟ་རུ་གནང་བར་བྱ་ཞེས་གསུང་། ༢༢ དེ་དག་ལ་ཆོག་པར་འགྱུར་བའི་ཕྱིར་ལུག་ཕྱུགས་གསོད་དམ། དེ་དག་ལ་ཆོག་པར་འགྱུར་བའི་ཕྱིར་རྒྱ་མཚོའི་ཉ་ཐམས་ཅད་གཅིག་ཏུ་སྡུད་པར་དགོས་སམ། ༢༣ ཡང་ཡ་ཧོ་ཝཱས་མོ་ཤེ་ལ། ཡ་ཧོ་ཝཱའི་ལག་པ་ཐུང་ངུ་སོང་ངམ། ངས་སྨྲས་པ་བཞིན་དུ་འགྱུར་རམ་མི་འགྱུར་ཁྱོད་ད་ལྟ་མཐོང་ཡོང་ཞེས་གསུངས་སོ༎
༢༤ ཡང་མོ་ཤེ་ཕྱི་རོལ་ཏུ་སོང་ནས་ཡ་ཧོ་ཝཱས་ཅི་གསུངས་པ་མི་ཚོགས་ལ་བཤད་ནས། མི་སྡེའི་རྒན་པོ་རྣམས་ནས་མི་བདུན་ཅུ་བསྡུས་པ་དང་། གུར་གྱི་མཐའ་འཁོར་ལ་བཞག་གོ། ༢༥ དེ་ནས་སྤྲིན་གྱི་ནང་ན་ཡ་ཧོ་ཝཱ་བབས་ནས་དེ་ལ་གསུང་མཛད་པ་དང་། དེའི་སྟེང་ན་ཡོད་པའི་ཐུགས་ཉིད་ལས་བཞེས་ཤིང་རྒན་པོ་བདུན་ཅུའི་སྟེང་དུ་བཞག་པས། ཐུགས་ཉིད་དེ་དག་གི་སྟེང་དུ་བཞུགས་པའི་བར་དུ་ལུང་བསྟན། རྗེས་སུ་ཡང་ལུང་མ་བསྟན་ཏོ༎
༢༦ དེར་མི་གཉིས་ནི། གཅིག་གི་མིང་ཨེལ་དཱད་དང་གཅིག་གི་མིང་མེ་དཱད་ཡིན་པ་དེ་སྒར་ན་ལུས་པ་དང་། གཉིས་ཀའི་མིང་བྲིས་པས་ཐུགས་ཉིད་དེ་དག་གི་སྟེང་ན་བཞུགས་ཀྱང་གུར་མཆོག་གི་ཕྱི་རོལ་ཏུ་མ་སོང་། གུར་ན་ལུང་བསྟན་ཏོ། ༢༧ ཡང་གཞོན་ནུ་ཞིག་བརྒྱུགས་ནས་མོ་ཤེ་ལ། ཨེལ་དཱད་དང་མེ་དཱད་གཉིས་ཀྱིས་སྒར་ན་ལུང་སྟོན་གྱིན་ཡོད་ཟེར་ཏོ། ༢༨ དེའི་ལན་དུ་ནུན་གྱི་བུ་ཡོ་ཤུ་ཨ་གཞོན་དུས་ནས་མོ་ཤེའི་ཞབས་ཕྱི་ཡིན་པ་དེས་ཇོ་བོ་མོ་ཤེ་ལ། དེ་གཉིས་འགེགས་སུ་གསོལ་ཞུས་སོ། ༢༩ མོ་ཤེས་དེ་ལ། དེའི་ཕྱིར་ཕྲག་དོག་སྐྱེད་དམ། ཡ་ཧོ་ཝཱས་རང་གི་ཐུགས་ཉིད་མི་སྡེ་ཐམས་ཅད་ཀྱི་སྟེང་དུ་གནང་ནས་མི་སྡེ་ཐམས་ཅད་ཀྱིས་ལུང་སྟོན་པ་ཡིན་ན་ཅི་མ་རུང་ཞེས་སྨྲས་སོ། ༣༠ ཡང་མོ་ཤེ་དང་ཨིས་ར་ཨེལ་གྱི་རྒན་པོ་རྣམས་སྒར་དུ་ལོག་གོ།
༣༡ ཡང་ཡ་ཧོ་ཝཱའི་དྲུང་ནས་རླུང་ཞིག་བྱུང་ནས་རྒྱ་མཚོའི་ཕྱོགས་ནས་སྲེག་པ་ཚོ་འཁྱེར་འོངས་ཤིང་སྒར་ལ་ཕབ་པ་དང་། ཕྱོགས་གཅིག་ལ་ཉིན་ལམ་གཅིག་དང་ཕྱོགས་གཞན་ལ་ཉིན་ལམ་གཅིག་གི་བར་དུ་སྒར་སྐོར་ཏེ་ས་གཞི་ལས་ཁྲུ་གཉིས་མཐོན་པོ་སོང་། ༣༢ ཡང་མི་ཚོགས་ལངས་ནས་དེ་ཉིན་གང་དང་མཚན་གང་དང་དེའི་རྗེས་སུ་འོང་བའི་ཉིན་གང་སྲེག་པ་བསྡུས་པ་དང་། ཉུང་བ་བསྡུས་མཁན་ནི་ཧོ་མེར་བཅུ་བསྡུས་སོ། ཡང་སྒར་གྱི་ཕྱོགས་བཞིར་རྒྱས་སོ། ༣༣ ཤ་ད་རུང་དེ་དག་གི་སོའི་བར་ན་ཡོད་ཅིང་ད་རུང་ལྡད་མ་ཟིན་པའི་ཚེ་ཡ་ཧོ་ཝཱའི་ཐུགས་ཁྲོ་བ་མི་ཚོགས་ལ་འབར་ཞིང་། ཡ་ཧོ་ཝཱས་མི་སྡེ་རིམས་ནད་ཤིན་ཏུ་དྲག་པོས་བརྡུང་སོ། ༣༤ ཡང་གནས་དེའི་མིང་ཁིབ་རོད་ཧད་ཐ་ཨ་ཝཱ་༼བོད་སྐད་དུ་འདོད་ཆགས་ཀྱི་དུར་ཚོ་༽ཞེས་བཏགས་སོ། འདོད་ཆགས་སྐྱེད་པའི་མི་ཚོགས་དེར་དུར་དུ་བཙུད་པའི་ཕྱིར་རོ། ༣༥ ཁིབ་རོད་ཧད་ཐ་ཨ་ཝཱ་ནས་མི་ཚོགས་ཧ་ཚེ་རོད་ཀྱི་ཕྱོགས་སུ་སོང་ནས། ཧ་ཚེ་རོད་ན་གནས་སོ༎