༡༠
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༢ དངུལ་གྱི་དུང་གཉིས་རྡུང་བའི་བཟོ་ཚུལ་དུ་བྱོས། ཆོས་ཚོགས་འགུག་པ་དང་སྒར་རྣམས་ཆས་པའི་ཕྱིར་བྱོས་ཤིག༣ ཡང་གལ་ཏེ་གཉིས་ཀ་འབུད་ན་འདུན་མའི་གུར་མཆོག་གི་སྒོའི་འགྲམ་དུ་ཆོས་ཚོགས་ཚང་མ་ཁྱོད་ཀྱི་རྩར་འདུ་དགོས། ༤ ཇི་སྟེ་གཅིག་པུ་འབུད་ན་སྡེ་དཔོན་རྣམས་ཞེ་ན་ཨིས་ར་ཨེལ་གྱི་སྟོང་དཔོན་རྣམས་ཁྱེད་ཀྱི་དྲུང་དུ་འདུ་དགོས། ༥ ཡང་གལ་ཏེ་དུང་དྲག་པོར་འབུད་ན་ཤར་ཕྱོགས་སུ་ཡོད་པའི་སྒར་རྣམས་ཆས་པ་དང་། ༦ ལན་གཉིས་དུང་དྲག་པོར་འབུད་ན་ལྷོ་ཕྱོགས་སུ་ཡོད་པའི་སྒར་རྣམས་ཆས་ཤིང་། ལམ་དུ་འཇུག་པའི་ཕྱིར་དུང་དྲག་པོར་འབུད་དགོས། ༧ ཇི་སྟེ་འདུན་མ་སྡུད་ན་ཁྱེད་ཀྱིས་དྲག་པོར་མི་འབུད་ཅིང་འཇམ་པོར་འབུད་དགོས། ༨ ཡང་བླ་མ་ཨ་རོན་གྱི་བུ་རྣམས་ཀྱིས་དུང་འབུད་པ་དང་། དེ་དག་ཁྱོད་བུ་བརྒྱུད་དང་བཅས་པའི་ཕྱིར་སྤྱད་མཚམས་རྒྱུན་ཆད་མེད་པ་ཞིག་ཡོད་པར་དགོས་སོ། ༩ ཡང་ཁྱོད་ཀྱི་ཡུལ་ན་ཁྱོད་ལ་འཚེ་བར་བྱེད་པའི་དགྲ་དང་གཡུལ་ངོར་ཞུགས་ན། དུང་དྲག་པོར་ཕུས། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་སྤྱན་སྔར་ཁྱེད་དྲན་པར་འགྱུར་ཡོང་། ཁྱེད་དགྲ་བྱེད་པ་རྣམས་ལས་ཐར་བར་འགྱུར་རོ། ༡༠ ཡང་སྐྱིད་པའི་ཉི་མ་དང་བཙུགས་པའི་དུས་ཆེན་རྣམས་དང་། ཚེས་དང་པོའི་དུས་ཆེན་དང་། སྦྱིན་སྲེག་དང་བདེ་བའི་མཆོད་པ་རྣམས་འབུལ་དུས་སུ་དུང་འབུད་པར་དགོས། དེ་ལྟར་ཁྱེད་ཀྱི་དཀོན་མཆོག་གི་སྤྱན་སྔར་དྲན་པར་འགྱུར་བར་འགྱུར་རོ། ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ༎
༡༡ ཡང་ལོ་གཉིས་པའི་ཟླ་བ་གཉིས་པའི་ཚེས་ཉི་ཤུ་པ་ལ་དཔང་པོའི་བཞུགས་གནས་ནས་སྤྲིན་བཞེངས་པ་དང་། ༡༢ ཨིས་ར་ཨེལ་གྱི་བུ་རྣམས་རང་གི་ལམ་གྲལ་བཞིན་དུ་འབྲོག་སྟོང་སི་ནཱ་ནས་ཆས་ཏེ། འབྲོག་སྟོང་ཕ་རན་དུ་སྤྲིན་བཞུགས་སོ། ༡༣ ཡང་ཡ་ཧོ་ཝཱས་མོ་ཤེའི་ཁ་ནས་བཀའ་གནང་བ་བཞིན་དུ་དང་པོར་ཆས་པ་རྣམས་ནི། ༡༤ རང་གི་ཚོགས་བཞིན་དུ་ཡ་ཧུ་དཱ་ཡི་བུ་ཚོའི་སྒར་གྱི་དར་པོ་ཆེ་སྔོན་དུ་ཆས་པ་དང་། ཚོགས་དེའི་འགོ་བྱེད་ནི་ཨ་མི་ནཱ་དབ་ཀྱི་བུ་ན་ཧ་ཤོན། ༡༥ ཨི་ས་གར་གྱི་བུ་རྣམས་ཀྱི་སྡེའི་ཚོགས་ཀྱི་འགོ་བྱེད་ནི་ཚུ་ཨར་གྱི་བུ་ནེ་ཐན་ཨེལ་དང་། ༡༦ ཟེ་བུ་ལོན་གྱི་བུ་རྣམས་ཀྱི་སྡེའི་ཚོགས་ཀྱི་འགོ་བྱེད་ནི་ཧེ་ལོན་གྱི་བུ་ཨེ་ལི་ཨབ་བོ༎
༡༧ ཡང་བཞུགས་གནས་བཀྲོལ་ནས་བཞུགས་གནས་འཁུར་བའི་གེར་ཤོན་གྱི་བུ་དང་མེ་རཱ་རི་ཡི་བུ་རྣམས་ཆས་སོ། ༡༨ དེ་ནས་རང་གི་ཚོགས་རྣམས་བཞིན་དུ་རུ་བེན་གྱི་སྒར་གྱི་དར་པོ་ཆེ་ཆས་པ་དང་། དེའི་ཚོགས་ཀྱི་འགོ་བྱེད་ནི་ཤེ་དེ་ཨུར་གྱི་བུ་ཨེ་ལི་ཚུར་དང་། ༡༩ ཤིམ་ཨོན་གྱི་བུ་རྣམས་ཀྱི་སྡེའི་ཚོགས་ཀྱི་འགོ་བྱེད་ནི་ཚུ་རི་ཤད་དཱ་ཨི་ཡི་བུ་ཤེ་ལུ་མི་ཨེལ་དང་། ༢༠ གད་ཀྱི་བུ་རྣམས་ཀྱི་སྡེའི་ཚོགས་ཀྱི་འགོ་བྱེད་ནི་དེ་ཨུ་ཨེལ་གྱི་བུ་ཨེལ་ཡ་སབ་བོ༎
༢༡ ཡང་ཀོ་ཧད་པ་བཞུགས་གནས་དམ་པ་འཁུར་བ་རྣམས་ཆས་པ་དང་། དེ་དག་འོང་བའི་བར་དུ་སྔར་སོང་བ་རྣམས་ཀྱིས་བཞུགས་གནས་ཕུབ་ཚར་རོ། ༢༢ ཡང་རང་གི་ཚོགས་རྣམས་བཞིན་དུ་ཨེབ་ར་ཨིམ་གྱི་བུ་ཚོའི་སྒར་གྱི་དར་པོ་ཆེ་ཆས་པ་དང་། དེའི་ཚོགས་ཀྱི་འགོ་བྱེད་ནི་ཨམ་མི་ཧུད་ཀྱི་བུ་ཨེ་ལི་ཤ་མཱ་དང་། ༢༣ མ་ན་ཤེའི་བུ་ཚོའི་སྡེའི་ཚོགས་ཀྱི་འགོ་བྱེད་ནི་ཕེ་དཱ་ཚུར་གྱི་བུ་ག་མ་ལི་ཨེལ་དང་། ༢༤ བེན་ཡ་མིན་གྱི་བུ་ཚོའི་སྡེའི་ཚོགས་ཀྱི་འགོ་བྱེད་ནི་གིད་ཨོ་ནི་ཡི་བུ་ཨ་བི་དན་ནོ༎
༢༥ ཡང་སྒར་ཐམས་ཅད་ཀྱི་གཞུག་ལ་རང་གི་ཚོགས་རྣམས་བཞིན་དུ་དཱན་གྱི་བུ་ཚོའི་སྒར་གྱི་དར་པོ་ཆེ་ཆས་པ་དང་། དེའི་ཚོགས་ཀྱི་འགོ་བྱེད་ནི་ཨམ་མི་ཤད་ད་ཨི་ཡི་བུ་ཨ་ཧི་ཨེ་ཟེར་དང་། ༢༦ ཨ་ཤེར་གྱི་བུ་ཚོའི་སྡེའི་ཚོགས་ཀྱི་འགོ་བྱེད་ནི་ཨོག་རན་གྱི་བུ་ཕ་གི་ཨེལ་དང་། ༢༧ ནབ་ཐ་ལི་ཡི་བུ་ཚོའི་སྡེའི་ཚོགས་ཀྱི་འགོ་བྱེད་ནི་ཨེ་ནན་གྱི་བུ་ཨ་ཀི་རཱའོ། ༢༨ ཨིས་ར་ཨེལ་གྱི་བུ་ཚོའི་ལམ་གྱི་གྲལ་རང་གི་ཚོགས་སོ་སོ་བཞིན་དུ་དེ་ཡིན་པས་དེ་བཞིན་དུ་ཆས་སོ༎
༢༩ ཡང་མོ་ཤེས་རང་གི་གྱོས་པོ་མིད་ཨན་པ་རེ་གུ་ཨེལ་གྱི་བུ་ཧོ་བཱབ་ལ་སྨྲས་པ། ཡ་ཧོ་ཝཱས་ངས་ཁྱོད་ཚོ་ལ་གནས་གནང་བར་བྱའོ་ཞེས་གསུངས་ནས་ངེད་ཚོ་དེར་ཆས་པས། ཁྱོད་ངེད་དང་འགྲོགས་ཏེ་འགྲོ་ན། ངེད་ཀྱིས་ཁྱེད་ལ་དྲིན་བྱེད་པར་བྱ། གང་ལ་ཟེར་ན། ཡ་ཧོ་ཝཱས་ཨིས་ར་ཨེལ་པའི་སྐོར་ལ་བཀའ་ལེགས་པ་ཞིག་མཛད་པའི་ཕྱིར་རོ། ༣༠ དེས་ནི་ང་ཁྱོད་དང་འགྲོགས་ཏེ་མི་འགྲོའི། ངའི་ཡུལ་དང་གཉེན་བཤེས་ཀྱི་རྩར་འགྲོ་བར་བྱ་ཟེར། ༣༡ དེས་ནི་ང་ཚོས་འབྲོག་སྟོང་ན་གང་ན་གུར་འབུབས་པ་ཁྱེད་ཤེས་ཏེ། ཁྱེད་ཀྱིས་ངེད་ཀྱི་མིག་ལྟ་བུར་བྱེད་པའི་ཕྱིར་ངེད་ཚོ་འབོར་བར་མ་བྱེད། ༣༢ ཡང་གལ་ཏེ་ཁྱེད་ངེད་དང་འགྲོགས་ཤིང་འགྲོ་བ་དང་། ཡ་ཧོ་ཝཱས་ངེད་ལ་བཟང་བ་གནང་བར་དགོངས་པ་བཞིན་དུ་འགྱུར་ན། ངེད་ཀྱིས་ཁྱེད་ལ་དྲིན་བྱེད་པར་བྱའོ་ཞེས་སྨྲས་སོ༎
༣༣ དེ་རྣམས་ཡ་ཧོ་ཝཱའི་རི་ནས་ཆས་ཏེ་ཉིན་ཞག་གསུམ་གྱི་ལམ་སོང་བ་དང་། ཁོ་རྣམས་ཀྱི་ཕྱིར་གནས་ས་འཚོལ་དུ་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་ཉིན་ཞག་གསུམ་གྱི་བར་དུ་དེ་དག་གི་སྔོན་དུ་སོང་ངོ་། ༣༤ ཡང་དེ་རྣམས་སྒར་ནས་ཆས་པ་ལས་ཡ་ཧོ་ཝཱའི་སྤྲིན་ཉིན་མོ་ལ་དེ་དག་གི་སྟེང་དུ་བཞུགས་སོ༎