༩
ཡང་མི་སེར་ཡུལ་ནས་ཐོན་ནས་ལོ་གཉིས་པའི་ཟླ་བ་དང་པོ་ལ་ཡ་ཧོ་ཝཱས་མོ་ཤེ་ལ་འབྲོག་སྟོང་སི་ནཱ་རུ་འདི་སྐད་དུ། ༢ ད་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་བཙུགས་ཡོད་པའི་དུས་སུ་པེ་སག་བྱེད་པར་དགོས། ༣ ཟླ་བ་དེའི་ཚེས་བཅུ་བཞི་པའི་ནུབ་མོ་ལ་བཙུགས་ཡོད་པའི་དུས་བཞིན་དུ་དེ་བྱེད་ཅིང་། དེའི་སྤྱད་མཚམས་དང་ཚུལ་ཁྲིམས་ཐམས་ཅད་བཞིན་དུ་དེ་བྱེད་པར་དགོས་སོ་བཀའ་གནང་ངོ་། ༤ མོ་ཤེས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་པེ་སག་སྲུང་བར་བསྐུལ་ཏོ། ༥ ཡང་དེ་དག་གིས་ཟླ་བ་དང་པོའི་ཚེས་བཅུ་བཞི་པའི་ནུབ་མོའི་དུས་སུ་འབྲོག་སྟོང་སི་ནཱ་རུ་པེ་སག་སྲུང་ཞིང་། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་སྩལ་པ་བཞིན་དུ་ཨིས་ར་ཨེལ་གྱི་བུ་ཚོས་བྱས་སོ། ༦ ཡང་ཤི་བའི་མི་ཞིག་གི་རོའི་ཕྱིར་མི་གཙང་བར་གྱུར་པའི་མི་ཁ་ཤས་ཡོད་པ་དེས་དེ་རང་གི་ཉིན་པར་པེ་སག་བྱེད་མི་ནུས་པས་དེ་རང་གི་ཉིན་པར་མོ་ཤེ་དང་ཨ་རོན་གྱི་དྲུང་དུ་བྱུང་བ་དང་། ༧ ཁོ་རྣམས་ཀྱིས་དེ་ལ། ངེད་མི་ཞིག་གི་རོ་ནས་མི་གཙང་བར་གྱུར་ཏེ་ངེད་ཀྱིས་ཨིས་ར་ཨེལ་གྱི་བུ་རྣམས་དང་མཉམ་དུ་བཙུགས་པའི་དུས་སུ་ཡ་ཧོ་ཝཱ་ལ་མཆོད་པ་འབུལ་བར་ཅིའི་ཕྱིར་འགེགས་ཡོང་ཞེས་ཞུས་སོ། ༨ མོ་ཤེས་ཁོ་རྣམས་ལ། ཡ་ཧོ་ཝཱས་ཁྱེད་ཀྱི་སྐོར་ལ་བཀའ་ཅི་གནང་བར་ཐོས་པའི་བར་དུ་སྒུག་ཅིག་ཅེས་སྨྲས་སོ༎༩ ཡ་ཧོ་ཝཱས་མོ་ཤེ་ལ་འདི་གསུངས་པ། ༡༠ ཨིས་ར་ཨེལ་གྱི་བུ་ཚོ་ལ་སྨྲོས་ཤིག ཁྱེད་རང་དང་རྗེས་སུ་འབྱུང་བའི་བུ་བརྒྱུད་ཀྱི་ནང་ནས་གལ་ཏེ་མི་ཞིག་རོ་ཞིག་གི་སྒོ་ནས་མི་གཙང་བར་གྱུར་པའམ། ལམ་ཐག་རིང་བ་ཞིག་ལ་ཡོད་ན། དེས་ཡ་ཧོ་ཝཱ་ལ་པེ་སག་བྱེད་དགོས། ༡༡ ཟླ་བ་གཉིས་པའི་ཚེས་བཅུ་བཞི་པའི་ནུབ་མོའི་དུས་སུ་དེ་སྲུང་། སྐྱུར་རྩི་མེད་པའི་བག་ལེབ་དང་མཉམ་དུ་ཟ་བ། སྔོ་ཚོད་ཁ་བ་དང་མཉམ་དུ་ཟ་དགོས་སོ། ༡༢ དེ་དག་གིས་དེ་ལས་ཅིའང་ལུས་སུ་འཇུག་མི་རུང་། དེའི་རུས་པ་གང་ཡང་གཅོག་པར་མི་རུང་སྟེ། པེ་སག་གི་ཚུལ་ཁྲིམས་ཐམས་ཅད་བཞིན་དུ་དེ་སྲུང་བར་དགོས། ༡༣ འོན་ཀྱང་མི་ཞིག་གིས་མི་གཙང་བ་མ་ཡིན་ཏེ། ལམ་དུ་ཡང་མ་ཡིན་པ་གལ་ཏེ་པེ་སག་སྲུང་བར་མི་བྱེད་ན། མི་དེས་བཙུགས་ཡོད་པའི་དུས་སུ་རང་གི་མཆོད་པ་ཡ་ཧོ་ཝཱ་ལ་མ་ཕུལ་བས། རང་གི་སྡིག་པ་འཁུར་ཞིང་དེའི་སེམས་མི་ཚོགས་ལས་རྩད་ནས་གཅོད་པར་བྱའོ། ༡༤ ཡང་གལ་ཏེ་ཕྱི་མི་ཞིག་ཁྱེད་དང་ལྷན་ཅིག་ཏུ་གནས་ཏེ། ཡ་ཧོ་ཝཱ་ལ་པེ་སག་བྱེད་པར་འདོད་ན། པེ་སག་གི་སྤྱད་མཚམས་དང་ཚུལ་ཁྲིམས་རྣམས་བཞིན་དུ་སྲུང་བར་དགོས་ཏེ། ཕྱི་མི་དང་གཞི་སྐྱེས་པ་གཉིས་ལ་ཚུལ་ཁྲིམས་གཅིག་པ་ཡོད་པའི་རིགས་སོ་ཞེས་བཀའ་གནང་ངོ་༎
༡༥ ཡང་བཞུགས་གནས་བཞེངས་པའི་ཉིན་པར་དཔང་པོའི་གུར་མཆོག་གི་བཞུགས་གནས་སྤྲིན་གྱིས་བཀབ་ནས། དགོངས་མོ་ནས་སྔ་མོའི་བར་དུ་བཞུགས་གནས་ཀྱི་སྟེང་དུ་མེའི་འོད་ལྟ་བུར་ཡོད་པ་ཡིན། ༡༦ དེ་ལྟར་སྤྲིན་གྱིས་བཀབ་པ་དང་མཚན་མོའི་མེའི་འོད་ཤར་བ་དེ་གཏན་དུ་གནས་སོ། ༡༧ ཡང་ནམ་གུར་མཆོག་ནས་སྤྲིན་པ་བཞེངས་པའི་ཚེ་ཨིས་ར་ཨེལ་གྱི་བུ་རྣམས་ཆས་པ་དང་། སྤྲིན་བཞུགས་པའི་གནས་དེར་ཨིས་ར་ཨེལ་གྱི་བུ་ཚོས་སྒར་བཏབ་བོ། ༡༨ ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་སྒར་བཏབ་པ་ནས་ཨིས་ར་ཨེལ་གྱི་བུ་རྣམས་ཆས་པ་དང་། ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་སྤྲིན་བཞུགས་གནས་ཀྱི་སྟེང་དུ་བཞུགས་པའི་ཉིན་ཐམས་ཅད་དུ་དེ་དག་བསྡད་དོ། ༡༩ ཡང་སྤྲིན་བཞུགས་གནས་ཀྱི་སྟེང་ན་ཞག་མང་པོ་བཞུགས་པའི་ཚེ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱའི་བཀའ་སྲུང་ཞིང་མ་ཆས་སོ། ༢༠ རེས་འགའ་སྤྲིན་ཞག་ཉུང་བ་འབའ་ཞིག་བཞུགས་གནས་ཀྱི་སྟེང་དུ་བཞུགས་པ་ཡང་བྱུང་། དེ་དག་ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་སྒར་ཡང་བཏབ། ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་ཡང་ཆས་སོ། ༢༡ ཡང་སྤྲིན་དགོངས་མོ་ནས་སྔ་མོའི་བར་དུ་བཞུགས་ནས་སྔ་མོར་སྤྲིན་བཞེངས་པས་དེ་དག་ཆས་སོ། ཉི་མའམ་མཚན་མོའི་དུས་སུ་སྤྲིན་ནམ་བཞེངས་པའི་ཚེ་དེ་དག་ཆས་སོ། ༢༢ ཡང་ན་ཞག་གཉིས། ཡང་ན་ཟླ་བ་གཅིག ཡང་ན་དེ་བས་དུས་རིང་ཞིག་སྤྲིན་བཞུགས་གནས་ཀྱི་སྟེང་ན་བཞུགས་ཏེ་མ་བཞེངས་ན། ཨིས་ར་ཨེལ་གྱི་བུ་རྣམས་མ་ཆས་ཤིང་གུར་ན་བསྡད་དོ། ནམ་བཞེངས་པའི་ཚེ་དེ་དག་ཆས་སོ། ༢༣ ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་དེ་དག་གིས་སྒར་བཏབ། ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་ཆས་སོ། ཡ་ཧོ་ཝཱས་མོ་ཤེ་རྒྱུད་དེ་བཀའ་གནང་བ་བཞིན་དུ་ཡ་ཧོ་ཝཱའི་བཀའ་དེ་དག་གིས་བསྲུངས་སོ༎