ཡང་ཡ་ཧོ་ཝཱས་མོ་ཤེ་ལ།  ཨ་རོན་ལ་འདི་སྐད་ཅེས་སྨྲོས་ཤིག ཁྱོད་ཀྱིས་སྒྲོན་མེ་སྦར་དུས་སུ་སྟེགས་བུའི་མདུན་ལོགས་ལ་སྒྲོན་མེ་བདུན་པོའི་འོད་སྣང་བར་དགོས་ཤེས་གསུངས་སོ།  ཨ་རོན་གྱིས་དེ་བཞིན་དུ་བྱས་ཏེ། མར་མེའི་སྟེགས་བུའི་མདུན་ལོགས་ལ་འོད་སྣང་བ་བྱས་ཏེ་སྒྲོན་མེ་རྣམས་སྦར་བར་བྱས། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་ནོ།  ཡང་མར་མེའི་སྟེགས་བུའི་བཟོ་ཚུལ་ནི་གསེར་ལྗང་རྡུང་གི་བཟོ་ཡིན་ཏེ། ཞབས་ར་ནས་དེའི་མེ་ཏོག་གི་བར་དུ་རྡུང་བའི་བཟོ་ཚུལ་བཞིན་དུ་བྱས་པ་ཡིན། ཡ་ཧོ་ཝཱས་མོ་ཤེ་ལ་བསྟན་པའི་མ་དཔེ་བཞིན་དུ་སྟེགས་བུ་བྱས་པ་ཡིན་ནོ༎
 ཡ་ཧོ་ཝཱས་མོ་ཤེ་ལ་འདི་གསུངས་པ།  ལེ་ཝི་པ་རྣམས་ཨིས་ར་ཨེལ་གྱི་དཀྱིལ་ནས་འཁྲིད་དེ་གཙང་བར་བྱོས་ཤིག  ཡང་དེ་དག་གཙང་བར་བྱེད་པའི་ཕྱིར་འདི་ལྟར་བྱོས་ཤིག སྡིག་བཤགས་ཀྱི་ཆུ་དེ་དག་ལ་གཡོགས་ལ། དེ་དག་གིས་སྤུ་གྲི་རང་གི་ལུས་ཚང་མ་ལ་སྲུལ་འཇུག་སྟེ། རང་གི་གོས་རྣམས་འཁྲུད་ཅིང་གཙང་སྦྲ་བྱེད་པར་དགོས།  དེ་ནས་གླང་ཐུག་གཞོན་པ་དང་དེ་ལ་གཏོགས་པའི་ཞལ་ཟས་ལ་རྒྱ་ཞིབ་འབྲུ་མར་དང་བསྲེས་པ་ལེན་པ་དང་། སྡིག་པའི་ཕྱིར་འབུལ་དུ་ཡང་གླང་ཐུག་ཅིག་ལེན་པར་དགོས་སོ།  ཡང་འདུན་མའི་གུར་མཆོག་གི་མདུན་དུ་ལེ་ཝི་པ་རྣམས་ཚུར་ཁྲིད་ནས་ཨིས་ར་ཨེལ་གྱི་བུ་ཚོའི་ཆོས་ཚོགས་ཐམས་ཅད་སྡུད་པར་དགོས། ༡༠ ཡང་ཁྱོད་ཀྱིས་ལེ་ཝི་པ་རྣམས་ཡ་ཧོ་ཝཱའི་ཞལ་ངོར་འཁྱེར་འོངས་ནས། ཨིས་ར་ཨེལ་གྱི་བུ་ཚོས་རང་གི་ལག་པ་ལེ་ཝི་པ་དག་གི་མགོ་ལ་འཇོག་པར་དགོས། ༡༡ ཡང་ཨ་རོན་གྱིས་ཨིས་ར་ཨེལ་གྱི་བུ་ཚོའི་དོན་དུ་ལེ་ཝི་པ་རྣམས་ཡ་ཧོ་ཝཱའི་ཞལ་ངོར་ཕར་ཚུར་གཡབ་པའི་མཆོད་པ་བཞིན་ཏུ་འབུལ་བར་བྱ། དེ་དག་གིས་ཡ་ཧོ་ཝཱའི་ཞབས་ཏོག་བྱེད་པའི་ཕྱིར་རོ། ༡༢ ཡང་ལེ་ཝི་པ་རྣམས་ཀྱིས་རང་གི་ལག་པ་གླང་ཐུག་གཉིས་ཀྱི་མགོ་ལ་འཇོག་པ་དང་། ལེ་ཝི་པ་རྣམས་ཀྱི་ཕྱིར་སྡིག་བཤགས་བྱེད་དུ་ཡ་ཧོ་ཝཱ་ལ་གླང་ཐུག་གཅིག་སྡིག་པའི་ཕྱིར་འབུལ་བ་དང་། གླང་ཐུག་གཅིག་སྦྱིན་སྲེག་ཏུ་འབུལ་བར་དགོས་སོ། ༡༣ ཡང་ཁྱོད་ཀྱིས་ལེ་ཝི་པ་རྣམས་ཨ་རོན་དང་དེའི་བུ་རྣམས་ཀྱི་མདུན་དུ་འཇོག་ཅིང་དེ་རྣམས་ཡ་ཧོ་ཝཱའི་ཕྱིར་ཕན་ཚུན་གཡབ་པའི་མཆོད་པ་རུ་འབུལ་བར་བྱའོ༎
༡༤ ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་དཀྱིལ་ནས་ལེ་ཝི་པ་དེ་དག་སོ་སོར་བྱེད་དེ། དེ་དག་ནི་ངའི་ཡིན་པར་དགོས། ༡༥ དེ་ནས་ལེ་ཝི་པ་རྣམས་ཀྱིས་འདུན་མའི་གུར་མཆོག་ལ་ཞབས་ཏོག་བྱེད་དུ་འགྲོ་བ་དང་། ཁྱོད་ཀྱིས་དེ་དག་གཙང་བར་བྱེད་ཅིང་ཕར་ཚུར་གཡབ་པའི་མཆོད་པ་རུ་ཕར་ཚུར་གཡབ་པར་དགོས། ༡༦ དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ཨིས་ར་ཨེལ་གྱི་བུ་ཚོའི་དཀྱིལ་ནས་ང་ལ་རྩ་ནས་ཡོད་པར་གྱུར་པས། ཨིས་ར་ཨེལ་གྱི་བུ་ཚོའི་སྔོན་སྐྱེས་མངལ་ནས་དང་པོར་ཐོན་པའི་ཚབ་ཏུ་ངས་རང་གི་ཕྱིར་དེ་དག་བླངས་པའི་ཕྱིར་རོ། ༡༧ ངས་མི་སེར་ཡུལ་ན་སྔོན་སྐྱེས་པ་རྣམས་བསད་པའི་ཉིན་ལ་ཨིས་ར་ཨེལ་གྱི་བུ་ཚོ་ལས་མི་དང་དུད་འགྲོའི་སྔོན་སྐྱེས་ཐམས་ཅད་ནས་རང་གི་ཕྱིར་དམ་པར་བྱས་བས་ངའི་ཡིན་ནོ། ༡༨ ཡང་ངས་ཨིས་ར་ཨེལ་གྱི་བུ་ཚོའི་སྔོན་སྐྱེས་ཐམས་ཅད་ཀྱི་དོད་དུ་ལེ་ཝི་པ་རྣམས་བླངས་པ་དང་། ༡༩ ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་དཀྱིལ་ནས་ལེ་ཝི་པ་རྣམས་ཨ་རོན་དང་དེའི་བུ་རྣམས་ལ་སྩལ་བ་ཡིན། གང་ལ་ཞེ་ན། དེ་དག་གིས་འདུན་མའི་གུར་མཆོག་ན་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཚབ་ཏུ་ཞབས་ཏོག་བྱེད་པ་དང་། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཕྱིར་སྡིག་བཤགས་བྱེད་པའི་ཕྱིར་རོ། ཇི་སྟེ་ཨིས་ར་ཨེལ་གྱི་བུ་རྣམས་གནས་དམ་པ་དང་ཉེ་བར་འོང་ན། ཨིས་ར་ཨེལ་གྱི་བུ་རྣམས་ལ་སྡུག་བསྔལ་ཞིག་འབབ་ཉེན་མི་ཡོང་། ཞེས་བཀའ་གནང་ངོ་༎
༢༠ ཡང་མོ་ཤེ་དང་ཨ་རོན་དང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཆོས་ཚོགས་ཀྱིས་ལེ་ཝི་པ་རྣམས་ལ་དེ་ལྟར་བྱས། ཡ་ཧོ་ཝཱས་མོ་ཤེ་ལ་ལེ་ཝི་པ་རྣམས་ལ་བརྟེན་ནས་ཅི་དང་ཅི་བཀའ་གནང་བ་བཞིན་དུ་ཨིས་ར་ཨེལ་གྱི་བུ་ཚོས་བྱས་སོ། ༢༡ ཡང་ལེ་ཝི་པ་རྣམས་ཀྱིས་རང་གི་ཕྱིར་སྡིག་བཤགས་བྱས་ཤིང་གོས་རྣམས་ཀྱང་བཀྲུས་ནས། ཨ་རོན་གྱིས་དེ་རྣམས་ཕར་ཚུར་གཡབ་པའི་མཆོད་པ་རུ་ཡ་ཧོ་ཝཱའི་ཞལ་ངོར་ཕར་ཚུར་གཡབས་པ་དང་། ཨ་རོན་གྱིས་དེ་དག་གཙང་བར་བྱེད་པའི་ཕྱིར་སྡིག་བཤགས་བྱས་སོ། ༢༢ དེ་ནས་ལེ་ཝི་པ་རྣམས་ཀྱིས་ཨ་རོན་དང་དེའི་བུ་རྣམས་ཀྱི་མདུན་དུ་འདུན་མའི་གུར་མཆོག་ན་ཞབས་ཏོག་བྱེད་དུ་ནང་དུ་ཞུགས་པ་དང་། ཡ་ཧོ་ཝཱས་མོ་ཤེ་ལ་ལེ་ཝི་པ་རྣམས་ལ་བརྟེན་ནས་ཅི་དང་ཅི་བཀའ་གནང་བ་བཞིན་དུ་དེ་དག་ལ་བྱས་སོ༎
༢༣ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༢༤ ལེ་ཝི་པ་རྣམས་ལ་རག་ལུས་པ་ནི་འདི་ལྟ་སྟེ། ལོ་ཉི་ཤུ་རྩ་ལྔ་པ་ཡན་ཆད་མི་གང་གིས་ཀྱང་འདུན་མའི་གུར་མཆོག་ལ་ཞབས་ཏོག་བྱེད་པའི་གྲལ་དུ་འཇུག་པར་དགོས། ༢༥ ཡང་ལོ་ལྔ་བཅུ་རུ་ཕྱིན་པ་ཞབས་ཏོག་བྱེད་པའི་གྲལ་ནས་འཐོན་ཞིང་ཞབས་ཏོག་བྱེད་པར་མི་དགོས། ༢༦ ཞབས་ཏོག་མི་བྱེད་ཀྱང་འདུན་མའི་གུར་མཆོག་ན་རང་གི་སྤུན་རྣམས་ལ་གྲོགས་བྱེད་དེ་ལས་བྱེད་པར་རུང་ངོ་། དེ་ལྟར་ཁྱོད་ཀྱིས་ལེ་ཝི་པ་རྣམས་ཀྱི་ལས་ཚན་ལ་རྟེན་ནས་བྱེད་པའི་རིགས་སོ་ཞེས་བཀའ་གནང་ངོ་༎