ཡང་མོ་ཤེས་བཞུགས་གནས་བཞེང་བ་བསྒྲུབས་ནས་དེ་བྱུགས་པས་བྱུགས་ཤིང་དམ་པར་བྱས་ཏེ། དེའི་མཆོད་རྫས་ཐམས་ཅད་དང་། མཆོད་ཁྲི་མཆོད་རྫས་ཐམས་ཅད་དང་བཅས་པ་བྱུགས་པས་བྱུགས་ཤིང་དམ་པར་བྱས་པའི་ཉིན་མོ་ལ།  ཨིས་ར་ཨེལ་གྱི་དཔོན་པོ་དག་ཕའི་ཁང་པ་ཚང་མའི་འགོ་བྱེད་རྣམས་ནི་སྡེ་དཔོན་གྲངས་བརྩིས་པའི་མི་ཚོའི་འགོ་བྱེད་རྣམས་ཀྱིས།  རང་གི་འབུལ་བ་རྣམས་ཡ་ཧོ་ཝཱའི་ཞལ་ངོར་ཕུལ་པ་འདི་ལྟར་རོ། ཡོལ་བ་བཀབ་ཡོད་པའི་ཤིང་རྟ་དྲུག་དང་གླང་བཅུ་གཉིས་ཤེ་ན་སྡེ་དཔོན་གཉིས་གཉིས་ནས་ཤིང་རྟ་རེ་དང་རེ་རེ་ནས་གླང་རེ་བཞུགས་གནས་ཀྱི་དྲུང་དུ་འཁྱེར་འོངས་སོ།  ཡང་ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ།  འདུན་མའི་གུར་མཆོག་གི་བདག་རྐྱེན་གྱི་ཕྱིར་དེ་དག་ནས་དེ་རྣམས་བླངས་ནས་ལེ་ཝི་པ་རྣམས་ལ་རེ་རེའི་ལས་ཚན་བཞིན་དུ་ཐོང་ཞིག་ཅེས་བཀའ་གནང་ངོ་།  མོ་ཤེས་ཤིང་རྟ་དང་གླང་བླངས་ནས་ལེ་ཝི་པ་རྣམས་ལ་བསྟེར།  གེར་ཤོན་གྱི་བུ་རྣམས་ལ་རང་གི་ལས་ཚན་བཞིན་དུ་ཤིང་རྟ་གཉིས་དང་གླང་བཞི་བསྟེར།  མེ་རཱ་རི་ཡི་བུ་རྣམས་ལ་རང་གི་ལས་ཚན་བཞིན་དུ་ཤིང་རྟ་བཞི་དང་གླང་བརྒྱད་བཏང་བ་དང་། དེ་ཚོ་བླ་མ་ཨ་རོན་གྱི་བུ་ཨི་ཐ་མར་གྱི་ལག་གི་འོག་ཏུ་བཞག་གོ།  འོན་ཀྱང་ཀོ་ཧད་ཀྱི་བུ་རྣམས་ལ་གནས་དམ་པའི་ལས་ཚན་ཡོད་དེ། དེ་དག་གིས་དེ་གཉའ་བར་འཁུར་བས། དེ་རྣམས་ལ་ཅིའང་མ་བཏང་ངོ་། ༡༠ ཡང་མཆོད་ཁྲི་ལ་བྱུགས་པས་བྱུགས་པའི་ཉིན་ལ་སྡེ་དཔོན་དག་གིས་མཆོད་ཁྲིའི་མཆོད་འབུལ་བྱེད་པའི་འབུལ་བ་རྣམས་འཁྱེར་འོངས་སྡེ་དཔོན་རྣམས་ཀྱིས་འབུལ་བ་རྣམས་མཆོད་ཁྲིའི་བདུན་དུ་འཁྱེར་འོངས་སོ། ༡༡ ཡང་ཡ་ཧོ་ཝཱས་མོ་ཤེ་ལ། ཞག་རེ་ལ་སྡེ་དཔོན་གཅིག་གིས་མཆོད་ཁྲིའི་མཆོད་འབུལ་བྱེད་པའི་ཕྱིར་འབུལ་བ་རྣམས་འཁྱེར་འོང་བར་དགོས་ཞེས་བཀའ་གནང་ངོ་༎
༡༢ ཡང་ཞག་དང་པོ་ལ་རང་གི་འབུལ་བ་འཁྱེར་འོངས་པ་ནི་སྡེ་ཡ་ཧུ་དཱ་ནས་ཨ་མི་ནཱ་དབ་ཀྱི་བུ་ན་ཧ་ཤོན་ཡིན་ནོ། ༡༣ དེའི་འབུལ་བ་དང་དངུལ་གྱི་སྡེར་མ་ཤེ་ཀེལ་བརྒྱ་དང་སུམ་ཅུའི་སྐར་ཀ་དང་། དངུལ་གྱི་མཆོད་ཞལ་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་བདུན་ཅུ་ཡིན་ཏེ། དེ་གཉིས་ཞལ་ཟས་ཀྱི་ཕྱིར་རྒྱ་ཞིབ་ཀྱིས་གང་སྟེ་འབྲུ་མར་བསྲེས་ཡོད་པ་ཡིན། ༡༤ གསེར་གྱི་ཕོར་པ་ཤེ་ཀེལ་བཅུ་བདུག་སྤོས་ཀྱིས་གང་བ་དང་། ༡༥ སྦྱིན་སྲེག་གི་ཕྱིར་གླང་ཐུག་གཞོན་པ་གཅིག་དང་ལུག་ཐུག་གཅིག་དང་ལུག་གུ་ལོ་གཅིག་པ་དང་། ༡༦ སྡིག་པའི་ཕྱིར་འབུལ་དུ་ར་ཐུག་གཅིག་དང་། ༡༧ བདེ་བའི་མཆོད་པའི་ཕྱིར་གླང་གཉིས་དང་ལུག་ཐུག་ལྔ་དང་ར་ཐུག་ལྔ་དང་ལུག་གུ་ལོ་གཅིག་པ་ལྔ། ཨ་མི་ནཱ་དབ་ཀྱི་བུ་ན་ཧ་ཤོན་གྱི་འབུལ་བ་དེ་ཡིན་ནོ༎
༡༨ ཞག་གཉིས་པར་ཨི་ས་གར་གྱི་སྡེ་དཔོན་ཚུ་ཨར་གྱི་བུ་ནེ་ཐན་ཨེལ་གྱིས་འཁྱེར་འོངས་པའི་འབུལ་བ་ནི། ༡༩ དངུལ་གྱི་སྡེར་མ་ཤེ་ཀེལ་བརྒྱ་དང་སུམ་ཅུའི་སྐར་ཀ་དང་། དངུལ་གྱི་མཆོད་ཞལ་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་བདུན་ཅུ་ཡིན་ཏེ། དེ་གཉིས་ཞལ་ཟས་ཀྱི་ཕྱིར་རྒྱ་ཞིབ་ཀྱིས་གང་ཞིང་འབྲུ་མར་བསྲེས་ཡོད་པ་ཡིན། ༢༠ གསེར་གྱི་ཕོར་པ་ཤེ་ཀེལ་བཅུ་བདུག་སྤོས་ཀྱིས་གང་བ་དང་། ༢༡ སྦྱིན་སྲེག་གི་ཕྱིར་གླང་ཐུག་གཞོན་པ་གཅིག་དང་ལུག་ཐུག་གཅིག་དང་ལུག་གུ་ལོ་གཅིག་པ་དང་། ༢༢ སྡིག་པའི་ཕྱིར་འབུལ་དུ་ར་ཐུག་གཅིག་དང་། ༢༣ བདེ་བའི་མཆོད་པའི་ཕྱིར་གླང་གཉིས་དང་ལུག་ཐུག་ལྔ་དང་ར་ཐུག་ལྔ་དང་ལུག་གུ་ལོ་གཅིག་པ་ལྔ། ཚུ་ཨར་གྱི་བུ་ནེ་ཐན་ཨེལ་གྱི་འབུལ་བ་དེ་ཡིན་ནོ༎
༢༤ ཞག་གསུམ་པ་ལ་ཟེ་བུ་ལོན་གྱི་སྡེ་དཔོན་ཧེ་ལོན་གྱི་བུ་ཨེ་ལི་ཨབ་ནི། ༢༥ དེའི་འབུལ་བ་དང་དངུལ་གྱི་སྡེར་མ་ཤེ་ཀེལ་བརྒྱ་དང་སུམ་ཅུའི་སྐར་ཀ་དང་། དངུལ་གྱི་མཆོད་ཞལ་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་བདུན་ཅུ་ཡིན་ཏེ། དེ་གཉིས་ཞལ་ཟས་ཀྱི་ཕྱིར་རྒྱ་ཞིབ་ཀྱིས་གང་སྟེ་འབྲུ་མར་བསྲེས་ཡོད་པ་ཡིན། ༢༦ གསེར་གྱི་ཕོར་པ་ཤེ་ཀེལ་བཅུ་བདུག་སྤོས་ཀྱིས་གང་བ་དང་། ༢༧ སྦྱིན་སྲེག་གི་ཕྱིར་གླང་ཐུག་གཞོན་པ་གཅིག་དང་ལུག་ཐུག་གཅིག་དང་ལུག་གུ་ལོ་གཅིག་པ་དང་། ༢༨ སྡིག་པའི་ཕྱིར་འབུལ་དུ་ར་ཐུག་གཅིག་དང་། ༢༩ བདེ་བའི་མཆོད་པ་ལ་གླང་གཉིས་དང་ལུག་ཐུག་ལྔ་དང་ལུག་གུ་ལོ་གཅིག་པ་ལྔ། ཧེ་ལོན་གྱི་བུ་ཨེ་ལི་ཨབ་ཀྱི་འབུལ་བ་དེ་ཡིན་ནོ༎
༣༠ ཞག་བཞི་པར་རུ་བེན་གྱི་བུ་རྣམས་ཀྱི་སྡེ་དཔོན་ཤེ་དེ་ཨུར་གྱི་བུ་ཨེ་ལི་ཚུར་ཏེ། ༣༡ དེའི་འབུལ་བ་འདི་ཡིན། དངུལ་གྱི་སྡེར་མ་ཤེ་ཀེལ་བརྒྱ་དང་སུམ་ཅུའི་སྐར་ཀ་དང་། དངུལ་གྱི་མཆོད་ཞལ་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་བདུན་ཅུ་ཡིན། དེ་གཉིས་ཞལ་ཟས་ཀྱི་ཕྱིར་རྒྱ་ཞིབ་ཀྱིས་གང་སྟེ་འབྲུ་མར་བསྲེས་ཡོད་པ་ཡིན། ༣༢ གསེར་གྱི་ཕོར་པ་ཤེ་ཀེལ་བཅུ་བདུག་སྤོས་ཀྱིས་གང་བ་དང་། ༣༣ སྦྱིན་སྲེག་གི་ཕྱིར་གླང་ཐུག་གཞོན་པ་གཅིག་དང་ལུག་ཐུག་གཅིག་དང་ལུག་གུ་ལོ་གཅིག་པ་དང་། ༣༤ སྡིག་པའི་ཕྱིར་འབུལ་དུ་ར་ཐུག་གཅིག་དང་། ༣༥ བདེ་བའི་མཆོད་པའི་ཕྱིར་གླང་གཉིས་དང་ལུག་ཐུག་ལྔ་དང་ལུག་གུ་ལོ་གཅིག་པ་ལྔ། ཤེ་དེ་ཨུར་གྱི་བུ་ཨེ་ལི་ཚུར་གྱི་འབུལ་བ་དེ་ཡིན་ནོ༎
༣༦ ཞག་ལྔ་པར་ཤིམ་ཨོན་གྱི་བུ་རྣམས་ཀྱི་སྡེ་དཔོན་ཚུ་རི་ཤད་དཱ་ཨིའི་བུ་ཤེ་ལུ་མི་ཨེལ་སྟེ། ༣༧ དེའི་འབུལ་བ་འདི་ཡིན། དངུལ་གྱི་སྡེར་མ་ཤེ་ཀེལ་བརྒྱ་དང་སུམ་ཅུའི་སྐར་ཀ་དང་། དངུལ་གྱི་མཆོད་ཞལ་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་བདུན་ཅུ་ཡིན། དེ་གཉིས་ཞལ་ཟས་ཀྱི་ཕྱིར་རྒྱ་ཞིབ་ཀྱིས་གང་སྟེ་འབྲུ་མར་བསྲེས་ཡོད་པ་ཡིན། ༣༨ གསེར་གྱི་ཕོར་པ་ཤེ་ཀེལ་བཅུ་བདུག་སྤོས་ཀྱིས་གང་བ་དང་། ༣༩ སྦྱིན་སྲེག་གི་ཕྱིར་གླང་ཐུག་གཞོན་པ་གཅིག་དང་ལུག་ཐུག་གཅིག་དང་ལུག་གུ་ལོ་གཅིག་པ་དང་། ༤༠ སྡིག་པའི་ཕྱིར་འབུལ་དུ་ར་ཐུག་གཅིག་དང་། ༤༡ བདེ་བའི་མཆོད་པའི་ཕྱིར་གླང་གཉིས་དང་ལུག་ཐུག་ལྔ་དང་ར་ཐུག་ལྔ་དང་ལུག་གུ་ལོ་གཅིག་པ་ལྔ། ཚུ་རི་ཤད་དཱ་ཨི་ཡི་བུ་ཤེ་ལུ་མི་ཨེལ་གྱི་འབུལ་བ་དེ་ཡིན་ནོ༎
༤༢ ཞག་དྲུག་པ་ལ་གད་ཀྱི་བུ་རྣམས་ཀྱི་སྡེ་དཔོན་དེ་ཨུ་ཨེལ་གྱི་བུ་ཨེལ་ཡ་སབ་སྟེ། ༤༣ དེའི་འབུལ་བ་འདི་ལྟར་རོ། དངུལ་གྱི་སྡེར་མ་ཤེ་ཀེལ་བརྒྱ་དང་སུམ་ཅུའི་སྐར་ཀ་དང་། དངུལ་གྱི་མཆོད་ཞལ་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་བདུན་ཅུ་ཡིན། དེ་གཉིས་ཞལ་ཟས་ཀྱི་ཕྱིར་རྒྱ་ཞིབ་ཀྱིས་གང་སྟེ་འབྲུ་མར་བསྲེས་ཡོད་པ་ཡིན། ༤༤ གསེར་གྱི་ཕོར་པ་ཤེ་ཀེལ་བཅུ་བདུག་སྤོས་ཀྱིས་གང་བ་དང་། ༤༥ སྦྱིན་སྲེག་གི་ཕྱིར་གླང་ཐུག་གཞོན་པ་གཅིག་དང་ལུག་ཐུག་གཅིག་དང་ལུག་གུ་ལོ་གཅིག་པ་གཅིག་དང་། ༤༦ སྡིག་པའི་ཕྱིར་འབུལ་དུ་ར་ཐུག་གཅིག་དང་། ༤༧ བདེ་བའི་མཆོད་པའི་ཕྱིར་གླང་གཉིས་དང་ལུག་ཐུག་ལྔ་དང་ར་ཐུག་ལྔ་དང་ལུག་གུ་ལོ་གཅིག་པ་ལྔ། དེ་ཨུ་ཨེལ་གྱི་བུ་ཨེལ་ཡ་སབ་ཀྱི་འབུལ་བ་དེ་ཡིན་ནོ༎
༤༨ ཞག་བདུན་པར་ཨེབ་ར་ཨིམ་གྱི་བུ་རྣམས་ཀྱི་སྡེ་དཔོན་ཨམ་མི་ཧུད་ཀྱི་བུ་ཨེ་ལི་ཤ་མཱ་སྟེ། ༤༩ དེའི་འབུལ་བ་འདི་ཡིན། དངུལ་གྱི་སྡེར་མ་ཤེ་ཀེལ་བརྒྱ་དང་སུམ་ཅུའི་སྐར་ཀ་དང་། དངུལ་གྱི་མཆོད་ཞལ་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་བདུན་ཅུ་ཡིན། དེ་གཉིས་ཞལ་ཟས་ཀྱི་ཕྱིར་རྒྱ་ཞིབ་ཀྱིས་གང་སྟེ་འབྲུ་མར་བསྲེས་ཡོད་པ་ཡིན། ༥༠ གསེར་གྱི་ཕོར་པ་ཤེ་ཀེལ་བཅུ་བདུག་སྤོས་ཀྱིས་གང་བ་དང་། ༥༡ སྦྱིན་སྲེག་གི་ཕྱིར་གླང་ཐུག་གཞོན་པ་གཅིག་དང་ལུག་གུ་ལོ་གཅིག་པ་གཅིག་དང་། ༥༢ སྡིག་པའི་ཕྱིར་འབུལ་དུ་ར་ཐུག་གཅིག་དང་། ༥༣ བདེ་བའི་མཆོད་པའི་ཕྱིར་བ་གླང་གཉིས་དང་ལུག་ཐུག་ལྔ་དང་ར་ཐུག་ལྔ་དང་ལུག་གུ་ལོ་གཅིག་པ་ལྔ། ཨམ་མི་ཧུད་ཀྱི་བུ་ཨེ་ལི་ཤ་མཱ་ཡི་འབུལ་བ་དེ་ཡིན་ནོ༎
༥༤ ཞག་བརྒྱད་པ་ལ་མ་ན་ཤེའི་བུ་རྣམས་ཀྱི་སྡེ་དཔོན་ཕེ་དཱ་ཚུར་གྱི་བུ་ག་མ་ལི་ཨེལ་སྟེ། ༥༥ དེའི་འབུལ་བ་འདི་ཡིན། དངུལ་གྱི་སྡེར་མ་ཤེ་ཀེལ་བརྒྱ་དང་སུམ་ཅུའི་སྐར་ཀ་དང་། དངུལ་གྱི་མཆོད་ཞལ་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་བདུན་ཅུ་ཡིན། དེ་གཉིས་ཞལ་ཟས་ཀྱི་ཕྱིར་རྒྱ་ཞིབ་ཀྱིས་གང་སྟེ་འབྲུ་མར་དང་འདྲེས་པ་དང་། ༥༦ གསེར་གྱི་ཕོར་པ་ཤེ་ཀེལ་བཅུ་བདུག་སྤོས་ཀྱིས་གང་བ་དང་། ༥༧ སྦྱིན་སྲེག་གི་ཕྱིར་གླང་ཐུག་གཞོན་པ་གཅིག་དང་ལུག་ཐུག་གཅིག་དང་ལུག་གུ་ལོ་གཅིག་པ་གཅིག་དང་། ༥༨ སྡིག་པའི་ཕྱིར་འབུལ་དུ་ར་ཐུག་གཅིག་དང་། ༥༩ བདེ་བའི་མཆོད་པའི་ཕྱིར་བ་གླང་གཉིས་དང་ལུག་ཐུག་ལྔ་དང་ར་ཐུག་ལྔ་དང་ལུག་གུ་ལོ་གཅིག་པ་ལྔ། ཕེ་དཱ་ཚུར་གྱི་བུ་ག་མ་ལི་ཨེལ་གྱི་འབུལ་བ་དེ་ཡིན་ནོ༎
༦༠ ཞག་དགུ་པར་བེན་ཡ་མིན་གྱི་བུ་རྣམས་ཀྱི་སྡེ་དཔོན་གིད་ཨོ་ནི་ཡི་བུ་ཨ་བི་དན་ཏེ། ༦༡ དེའི་འབུལ་བ་འདི་ལྟར་རོ། དངུལ་གྱི་སྡེར་མ་ཤེ་ཀེལ་བརྒྱ་དང་སུམ་ཅུའི་སྐར་ཀ་དང་། དངུལ་གྱི་མཆོད་ཞལ་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་བདུན་ཅུ་ཡིན། དེ་གཉིས་ཞལ་ཟས་ཀྱི་ཕྱིར་རྒྱ་ཞིབ་ཀྱིས་གང་སྟེ་འབྲུ་མར་བསྲེས་ཡོད་པ་ཡིན། ༦༢ གསེར་གྱི་ཕོར་པ་ཤེ་ཀེལ་བཅུ་བདུག་སྤོས་ཀྱིས་གང་བ་དང་། ༦༣ སྦྱིན་སྲེག་གི་ཕྱིར་གླང་ཐུག་གཞོན་པ་གཅིག་དང་ལུག་ཐུག་གཅིག་དང་ལུག་གུ་ལོ་གཅིག་པ་གཅིག་དང་། ༦༤ སྡིག་པའི་ཕྱིར་འབུལ་དུ་ར་ཐུག་གཅིག་དང་། ༦༥ བདེ་བའི་མཆོད་པའི་ཕྱིར་བ་གླང་གཉིས་དང་ལུག་ཐུག་ལྔ་དང་ར་ཐུག་ལྔ་དང་ལུག་གུ་ལོ་གཅིག་པ་ལྔ། གིད་ཨོ་ནི་ཡི་བུ་ཨ་བི་དན་གྱི་འབུལ་བ་དེ་ཡིན་ནོ༎
༦༦ ཞག་བཅུ་པ་ལ་དཱན་གྱི་བུ་རྣམས་ཀྱི་སྡེ་དཔོན་ཨམ་མི་ཤད་ད་ཨི་ཡི་བུ་ཨ་ཧི་ཨེ་ཟེར་ཏེ། ༦༧ དེའི་འབུལ་བ་འདི་ཡིན། དངུལ་གྱི་སྡེར་མ་ཤེ་ཀེལ་བརྒྱ་དང་སུམ་ཅུའི་སྐར་ཀ་དང་། དངུལ་གྱི་མཆོད་ཞལ་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་བདུན་ཅུ་ཡིན། དེ་གཉིས་ཞལ་ཟས་ཀྱི་ཕྱིར་རྒྱ་ཞིབ་ཀྱིས་གང་སྟེ་འབྲུ་མར་བསྲེས་ཡོད་པ་ཡིན། ༦༨ གསེར་གྱི་ཕོར་པ་ཤེ་ཀེལ་བཅུ་བདུག་སྤོས་ཀྱིས་གང་བ་དང་། ༦༩ སྦྱིན་སྲེག་གི་ཕྱིར་གླང་ཐུག་གཞོན་པ་གཅིག་དང་ལུག་ཐུག་གཅིག་དང་ལུག་གུ་ལོ་གཅིག་པ་གཅིག་དང་། ༧༠ སྡིག་པའི་ཕྱིར་འབུལ་དུ་ར་ཐུག་གཅིག་དང་། ༧༡ བདེ་བའི་མཆོད་པ་ལ་གླང་གཉིས་དང་ལུག་ཐུག་ལྔ་དང་ར་ཐུག་ལྔ་དང་ལུག་གུ་ལོ་གཅིག་པ་ལྔ། ཨམ་མི་ཤད་ད་ཨི་ཡི་བུ་ཨ་ཧི་ཨེ་ཟེར་གྱི་འབུལ་བ་དེ་ཡིན་ནོ༎
༧༢ ཞག་བཅུ་གཅིག་པར་ཨ་ཤེར་གྱི་བུ་རྣམས་ཀྱི་སྡེ་དཔོན་ཨོག་རན་གྱི་བུ་ཕ་གི་ཨེལ་སྟེ། ༧༣ དེའི་འབུལ་བ་འདི་ཡིན། དངུལ་གྱི་སྡེར་མ་ཤེ་ཀེལ་བརྒྱ་དང་སུམ་ཅུའི་སྐར་ཀ་དང་། དངུལ་གྱི་མཆོད་ཞལ་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་བདུན་ཅུ་ཡིན། དེ་གཉིས་ཞལ་ཟས་ཀྱི་ཕྱིར་རྒྱ་ཞིབ་ཀྱིས་གང་སྟེ་འབྲུ་མར་བསྲེས་ཡོད་པ་ཡིན། ༧༤ གསེར་གྱི་ཕོར་པ་ཤེ་ཀེལ་བཅུ་བདུག་སྤོས་ཀྱིས་གང་བ་དང་། ༧༥ སྦྱིན་སྲེག་གི་ཕྱིར་གླང་ཐུག་གཞོན་པ་གཅིག་དང་ལུག་ཐུག་གཅིག་དང་ལུག་གུ་ལོ་གཅིག་པ་དང་། ༧༦ སྡིག་པའི་ཕྱིར་འབུལ་དུ་ར་ཐུག་གཅིག་དང་། ༧༧ བདེ་བའི་མཆོད་པའི་ཕྱིར་གླང་གཉིས་དང་ལུག་ཐུག་ལྔ་དང་ར་ཐུག་ལྔ་དང་ལུག་གུ་ལོ་གཅིག་པ་ལྔ། ཨོག་རན་གྱི་བུ་ཕ་གི་ཨེལ་གྱི་འབུལ་བ་དེ་ཡིན་ནོ༎
༧༨ ཞག་བཅུ་གཉིས་པར་ནབ་ཐ་ལི་ཡི་བུ་རྣམས་ཀྱི་སྡེ་དཔོན་ཨེ་ནན་གྱི་བུ་ཨ་ཀི་རཱ་སྟེ། ༧༩ དེའི་འབུལ་བ་འདི་ལྟར་རོ། དངུལ་གྱི་སྡེར་མ་ཤེ་ཀེལ་བརྒྱ་དང་སུམ་ཅུའི་སྐར་ཀ་དང་། དངུལ་གྱི་མཆོད་ཞལ་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་བདུན་ཅུ་ཡིན། དེ་གཉིས་ཞལ་ཟས་ཀྱི་ཕྱིར་རྒྱ་ཞིབ་ཀྱིས་གང་སྟེ་འབྲུ་མར་བསྲེས་ཡོད་པ་ཡིན། ༨༠ གསེར་གྱི་ཕོར་པ་ཤེ་ཀེལ་བཅུ་བདུག་སྤོས་ཀྱིས་གང་བ་དང་། ༨༡ སྦྱིན་སྲེག་གི་ཕྱིར་གླང་ཐུག་གཞོན་པ་གཅིག་དང་ལུག་ཐུག་གཅིག་དང་ལུག་གུ་ལོ་གཅིག་པ་གཅིག་དང་། ༨༢ སྡིག་པའི་ཕྱིར་འབུལ་དུ་ར་ཐུག་གཅིག་དང་། ༨༣ བདེ་བའི་མཆོད་པའི་ཕྱིར་གླང་གཉིས་དང་ལུག་ཐུག་ལྔ་དང་ར་ཐུག་ལྔ་དང་ལུག་གུ་ལོ་གཅིག་པ་ལྔ། ཨེ་ནན་གྱི་བུ་ཨ་ཀི་རཱ་ཡི་འབུལ་བ་དེ་ཡིན་ནོ༎
༨༤ མཆོད་ཁྲི་ལ་བྱུགས་པས་བྱུགས་པའི་ཉིན་མོ་ལ་ཨིས་ར་ཨེལ་གྱི་སྡེ་དཔོན་དག་གིས་མཆོད་འབུལ་བྱེད་པའི་ཕྱིར་ཕུལ་བའི་འབུལ་བ་འདི་ཡིན། དངུལ་གྱི་སྡེར་མ་བཅུ་གཉིས་དང་དངུལ་གྱི་མཆོད་ཞལ་བཅུ་གཉིས་དང་གསེར་གྱི་ཕོར་པ་བཅུ་གཉིས་སོ། ༨༥ སྡེར་མ་རེའི་སྐར་ཀ་ཤེ་ཀེལ་བརྒྱ་དང་སུམ་ཅུ་དང་། མཆོད་ཞལ་རེའི་སྐར་ཀ་ཤེ་ཀེལ་བདུན་ཅུ་ཡིན། སྣོད་རྣམས་ཀྱི་དངུལ་ཐམས་ཅད་ནི་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་ཉིས་སྟོང་བཞི་བརྒྱའོ། ༨༦ གསེར་གྱི་ཕོར་པ་བདུག་སྤོས་ཀྱིས་གང་བ་བཅུ་གཉིས་ནི་ཕོར་པ་རེའི་སྐར་ཀ་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་བཅུ་ཡིན། ཕོར་པ་རྣམས་ཀྱི་གསེར་ཐམས་ཅད་ནི་ཤེ་ཀེལ་བརྒྱ་དང་ཉི་ཤུའོ། ༨༧ སྦྱིན་སྲེག་གི་ཕྱིར་ཕུལ་བའི་བ་གླང་ཐམས་ཅད་ནི་གླང་ཐུག་བཅུ་གཉིས་དང་ལུག་ཐུག་བཅུ་གཉིས་དང་ལུག་གུ་ལོ་གཅིག་པ་བཅུ་གཉིས་དང་ཞལ་ཟས་དང་། སྡིག་པའི་ཕྱིར་འབུལ་དུ་ར་ཐུག་བཅུ་གཉིས་སོ། ༨༨ བདེ་བའི་མཆོད་པའི་ཕྱིར་ཕུལ་བའི་གླང་ཐམས་ཅད་གླང་ཐུག་ཉི་ཤུ་རྩ་བཞི་དང་ལུག་ཐུག་དྲུག་ཅུ་དང་ར་ཐུག་དྲུག་ཅུ་དང་ལུག་གུ་ལོ་གཅིག་པ་དྲུག་ཅུའོ། མཆོད་ཁྲི་ལ་བྱུགས་པ་བྱུགས་ནས་མཆོད་འབུལ་བྱས་པའི་འབུལ་བ་དེ་ཡིན་ནོ༎
༨༩ ཡང་མོ་ཤེས་ཁོང་ལ་ཞུ་གླེང་བྱེད་དུ་འདུན་མའི་གུར་མཆོག་ཏུ་ཞུགས་པའི་དུས་སུ་རང་ལ་གསུང་གླེང་མཛད་པའི་སྒྲ་དཔང་པོའི་སྒྲོམ་ལ་ཡོད་པའི་ཐུགས་རྗེའི་ཁྲི་དང་ཀེ་རུབ་གཉིས་ཀྱི་བར་ལས་འབྱུང་བར་ཐོས་ཤིང་ཁོང་གིས་དེ་ལ་གསུང་བར་མཛད་དོ༎