ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ།  ཨིས་ར་ཨེལ་གྱི་བུ་རྣམས་ལ་སྨྲོས་ཤིག སྐྱེས་པའམ་བུད་མེད་ཀྱིས་དེ་རང་ཡ་ཧོ་ཝཱའི་ཕྱིར་སོ་སོར་འཇོག་པའི་དམ་བཅའ་ཆེན་པོའམ་ན་ཟིར་གྱི་དམ་བཅའ་བླང་ན།  རྒུན་ཆང་དང་བཏུང་བ་སྟོབས་ཅན་དང་། རྒུན་ཆང་གི་སྐྱུར་རྩི་དང་བཏུང་བ་སྟོབས་ཅན་གྱི་སྐྱུར་རྩི་དང་། རྒུན་འབྲུམ་ལས་བཙིར་བའི་བཅུད་གང་ཡང་རུང་བ་འཐུང་མི་དགོས། ཡང་རྒུན་འབྲུམ་གསར་པའམ་སྐམ་པོ་ཡང་ཟ་བའི་མི་རིགས་སོ།  དམ་བཅས་པ་སྲུང་བའི་ཞག་རྣམས་མ་རྫོགས་པའི་བར་དུ་རྒུན་ཤིང་ལ་ཅི་དང་ཅི་ཆགས་པ་ནི་རྒུན་འབྲུམ་གྱི་ས་བོན་ནས་པགས་པའི་བར་དུ་ཅིའང་ཟ་བར་མི་རུང་ངོ་༎
 རང་སོ་སོར་འཇོག་པའི་དམ་བཅས་པའི་ཞག་རྣམས་མ་རྫོགས་པའི་བར་དུ་སྤུ་གྲི་གང་ཡང་དེའི་མགོ་ལ་འོང་བར་མི་རུང་སྟེ། ཡ་ཧོ་ཝཱའི་ཕྱིར་དམ་བཅས་པའི་ཞག་དེ་དག་གི་གྲངས་མ་རྫོགས་པའི་བར་དུ་མི་དེ་དམ་པ་ཡིན་པས་མགོའི་སྐྲ་མི་འབྲེག་པར་སྐྱེ་འཇུག་པར་དགོས།  རང་ཉིད་ཡ་ཧོ་ཝཱའི་ཕྱིར་སོ་སོར་འཇོག་པའི་ཉིན་མོ་ཐམས་ཅད་ནང་གཤིན་པོའི་རོ་དང་ཉེ་བར་འོང་བར་མི་རུང་།  རང་གི་ཕ་མ་དང་མིང་སྲིང་གལ་ཏེ་ཤི་ན་དེ་དག་གི་ཕྱིར་མི་གཙང་བར་འགྱུར་བར་མི་རུང་ངོ་། དཀོན་མཆོག་གི་ཕྱིར་རང་སོ་སོར་འཇོག་པ་ནི་དེའི་མགོ་ལ་ཡོད་པའི་ཕྱིར་རོ།  སོ་སོར་འཇོག་པའི་ཞག་ཐམས་ཅད་ཀྱི་བར་དུ་དེ་ནི་ཡ་ཧོ་ཝཱ་ལ་དམ་པ་ཡིན་ནོ༎
 ཡང་གལ་ཏེ་དེའི་དྲུང་དུ་མི་ཞིག་བློ་བུར་དུ་ཤི་ནས་དེའི་སོ་སོར་འཇོག་པའི་མགོ་མི་གཙང་བར་འགྱུར་ན། གཙང་སྦྲ་བྱེད་པའི་ཉིན་ལ་མགོའི་སྐྲ་ཞག་བདུན་པ་ལ་འབྲེག་པར་དགོས། ༡༠ ཞག་བརྒྱད་པ་ལ་ཁོས་ཐི་བ་གཉིས་སམ་ཕུག་རོན་ཆུང་བ་གཉིས་འདུན་མའི་གུར་མཆོག་གི་སྒོར་བླ་མ་ལ་ཕུལ་ནས། ༡༡ བླ་མས་གཅིག་ནི་སྡིག་པའི་མཆོད་པའི་ཕྱིར་དང་། གཅིག་ནི་སྦྱིན་སྲེག་ཏུ་འབུལ་ཞིང་མི་དེ་རོའི་རྐྱེན་གྱིས་སྡིག་པ་བྱས་པས། སྡིག་བཤགས་བྱེད་དེ་དེའི་མགོ་ཉིན་དེ་ཉིད་དུ་དམ་པར་བྱེད་པར་དགོས། ༡༢ ཡང་ཡ་ཧོ་ཝཱ་ལ་དམ་བཅས་པའི་ཉིན་མོ་རྣམས་དམ་པར་བྱེད་ཅིང་ལུག་གུ་ཕོ་ལོ་གཅིག་པ་ཞིག་ནོངས་པ་སེལ་བའི་ཕྱིར་མཆོད་པར་འབུལ་བར་དགོས། འོན་ཀྱང་དམ་བཅས་པ་མི་གཙང་བར་གྱུར་པའི་ཕྱིར་སྔར་གྱི་ཞག་རྣམས་རྩི་བར་མི་འགྱུར་རོ༎
༡༣ ན་ཟིར་པ་རྣམས་ཀྱི་ཚུལ་ཁྲིམས་འདི་ལྟ་སྟེ། དམ་བཅས་པའི་ཉིན་མོ་རྣམས་རྫོགས་པའི་ཉིན་ལ་མི་དེ་འདུན་མའི་གུར་མཆོག་གི་སྒོའི་འགྲམ་དུ་འཁྲིད་པར་དགོས། ༡༤ དེས་ནི་ཡ་ཧོ་ཝཱ་ལ་རང་གི་འབུལ་བ་ནི་ལུག་གུ་ཕོ་ལོ་གཅིག་པ་སྐྱོན་མེད་པ་ཞིག་སྦྱིན་སྲེག་ཏུ་འབུལ་བ་དང་། ལུག་གུ་མོ་ལོ་གཅིག་པ་སྐྱོན་མེད་པ་ཞིག་སྡིག་པའི་ཕྱིར་འབུལ་བ་དང་། ལུག་ཐུག་སྐྱོན་མེད་པ་ཞིག་བདེ་བའི་མཆོད་པར་འབུལ་བ་དང་། ༡༥ ཙེ་པོ་ཞིག་རྒྱ་ཞིབ་ནས་བྱས་པའི་བག་ལེབ་སྐྱུར་རྩི་མེད་པ་དང་བཞེས་ཁུར་འབྲུ་མར་དང་འདྲེས་པ་དང་འཁུར་བ་འབྲུ་མར་གྱི་བྱུགས་པ་དང་དེ་དག་གི་ཞལ་ཟས་དང་སྐྱེམ་གྱི་མཆོད་པ་འབུལ་བར་དགོས། ༡༦ ཡང་བླ་མས་དེ་ཚོ་ཡ་ཧོ་ཝཱའི་ཞལ་ངོར་འབུལ་ཞིང་སྡིག་པའི་ཕྱིར་དེའི་མཆོད་པ་དང་སྦྱིན་སྲེག་འབུལ་བར་དགོས། ༡༧ ཡང་ཡ་ཧོ་ཝཱ་ལ་བདེ་བའི་མཆོད་པ་ལ་ལུག་ཐུག་བག་ལེབ་སྐྱུར་རྩི་མེད་པ་གང་བའི་ཙེ་པོ་དང་བཅས་པ་འབུལ་བ་དང་། བླ་མས་དེའི་ཞལ་ཟས་དང་སྐྱེམ་གྱི་མཆོད་པ་འབུལ་བར་བྱའོ། ༡༨ ཡང་ན་ཟིར་པས་འདུན་མའི་གུར་མཆོག་གི་སྒོའི་འགྲམ་ན་རང་གི་མགོ་དམ་པའི་སྐྲ་བྲེག་ནས། རང་གི་མགོ་དམ་པའི་སྐྲ་བླངས་ནས་བདེ་བའི་མཆོད་པའི་འོག་ན་ཡོད་པའི་མེ་རུ་འདེབས་པར་དགོས། ༡༩ ཡང་བླ་མས་ལུག་ཐུག་གི་ལག་པ་བཙོས་པ་དང་བཞེས་ཁུར་སྐྱུར་རྩི་མེད་པ་གཅིག་དང་འཁུར་བ་སྐྱུར་རྩི་མེད་པ་གཅིག་བླངས་ཏེ། ན་ཟིར་གྱིས་མགོའི་སྐྲ་བྲེག་ནས་དེའི་ལག་ཏུ་འཇོག་པར་དགོས། ༢༠ ཡང་བླ་མས་ཡ་ཧོ་ཝཱའི་ཞལ་ངོར་དེ་ཕར་ཚུར་གཡབ་པའི་མཆོད་པ་ལྟར་ཕར་ཚུར་གཡབ་པར་དགོས། དེ་ནི་ཕར་ཚུར་གཡབ་པའི་བྲང་དང་སྤར་བའི་རྐང་པ་དང་བཅས་སུ་བླ་མའི་ཕྱིར་དམ་པ་ཡིན་ནོ། དེའི་འོག་ཏུ་ན་ཟིར་པས་རྒུན་ཆང་འཐུང་བར་རུང་ངོ་༎
༢༡ ན་ཟིར་གྱི་དམ་བཅས་པའི་སྐོར་ལ་རང་གིས་ལྕོག་པ་མ་གཏོགས་པར་ཡ་ཧོ་ཝཱ་ལ་ཁས་བླངས་པའི་འབུལ་བ་ལ་བརྟེན་ནས་ན་ཟིར་པའི་ཚུལ་ཁྲིམས་དེ་ཡིན་ནོ། དམ་བཅས་པའི་ཚུལ་ཁྲིམས་ལ་བརྟེན་ནས་རང་གི་དམ་བཅས་པ་བཞིན་དུ་དེས་བྱེད་པར་དགོས་ཤེས་བཀའ་གནང་ངོ་༎
༢༢ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༢༣ ཨ་རོན་དང་དེའི་བུ་རྣམས་ལ་འདི་སྨྲོས་ཤིག ཁྱེད་ཅག་གིས་ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་ལྟར་བྱིན་རླབས་བྱེད་ཅིང་དེ་དག་ལ། ༢༤ ཡ་ཧོ་ཝཱས་ཁྱེད་ལ་བྱིན་རླབས་མཛད་ཅིང་སྲུང་བར་ཤོག་ཅིག ༢༥ ཡ་ཧོ་ཝཱའི་ཞལ་རས་ཁྱེད་ཐོག་ཤར་ཏེ་ཐུགས་རྗེ་མཛད་པར་ཤོག་ཅིག ༢༦ ཡ་ཧོ་ཝཱས་ཉིད་ཀྱི་ཞལ་ངོ་ཁྱེད་ཀྱི་གོང་དུ་འདེགས་ཏེ་ཁྱེད་ལ་ཞི་བདེ་གནང་བར་ཤོག་ཅིག་ཅེས་སྨྲོས་ཤིག ༢༧ དེ་ལྟར་དེ་རྣམས་ཀྱིས་ངའི་མཚན་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་སྟེང་དུ་འཇོག་ཅིང་ངས་དེ་དག་ལ་བྱིན་རླབས་བྱེད་པར་བྱའོ་ཞེས་གསུངས་སོ༎