༥
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་བཀའ་སྩལ་པ། ༢ ཨིས་ར་ཨེལ་གྱི་བུ་ཚོ་ལ་མི་མཛེ་ཅན་དང་། རྣག་འཛག་པ་དང་། རོ་ཞིག་གི་ཕྱིར་མི་གཙང་བར་གྱུར་པ་གང་ཡང་སྒར་གྱི་ཕྱི་རོལ་ཏུ་འདོན་པར་སྨྲོས་ཤིག ༣ སྐྱེས་པའམ་བུད་མེད་གང་ཡིན་པ་དེ་འདོན་པ་དང་། ང་ཁྱེད་ཀྱི་དབུས་ན་གནས་པས། དེ་དག་གིས་ཁྱོད་ཀྱི་སྒར་མི་གཙང་བར་མི་བྱེད་པའི་ཕྱིར་དེ་དག་སྒར་གྱི་ཕྱི་རོལ་ཏུ་འདོན་པར་དགོས་སོ། ༤ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་དེ་ལྟར་བྱས་ཤིང་དེ་དག་སྒར་གྱི་ཕྱི་རོལ་ཏུ་བཏོན་པ་དང་། ཅི་དང་ཅི་ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ་བཞིན་དུ་ཨིས་ར་ཨེལ་གྱི་བུ་ཚོས་བྱས་སོ༎༥ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་གསུངས་པ། ༦ ཨིས་ར་ཨེལ་གྱི་བུ་རྣམས་ལ་སྨྲོས་ཤིག སྐྱེས་པའམ་བུད་མེད་ཅིག་གིས་ཡ་ཧོ་ཝཱ་ལ་རྒོལ་ཞིང་མིས་སྡིག་པ་བྱེད་པ་བཞིན་དུ་ཉེས་པ་ཞིག་བྱེད་དེ་སེམས་ནོངས་པ་ཅན་འགྱུར་ན། ༧ རང་གིས་བྱས་པའི་སྡིག་པའི་ཕྱིར་མཐོལ་བཤགས་བྱེད་པ་དང་། ནོངས་པ་བྱས་པའི་རིན་ཚང་འགྲིག་འཇལ་ཞིང་དེའི་ལྔ་ཆ་བསྣན་ཏེ། གནོད་པ་ཕོག་པའི་མི་ལ་སྟེར་བར་དགོས། ༨ ཇི་སྟེ་མི་དེ་ལ་གནོད་པ་འཇལ་བའི་ཕྱིར་གཉེན་ཞིག་མེད་ན། དེའི་སྡིག་བཤགས་བྱེད་རྒྱུ་ཡིན་པའི་ལུག་ཐུག་དེ་མ་གཏོགས་པར་ཡ་ཧོ་ཝཱ་ལ་བཅལ་བའི་རིན་བླ་མ་ལ་ཐོབ་པར་དགོས། ༩ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་དམ་པར་བྱས་པའི་སྤར་བའི་མཆོད་པ་གང་ཡང་བླ་མ་ལ་ཕུལ་བ་དེ་བླ་མའི་ཡིན་པར་དགོས། ༡༠ ཡང་སུས་ཀྱང་དམ་པར་བྱས་པའི་རྫས་གང་ཡང་རུང་བ་བླ་མའི་ཡིན་པར་དགོས། མི་སུས་ཀྱང་རྫས་གང་ཡང་རུང་བ་བླ་མ་ལ་འབུལ་བ་དེ་བླ་མའི་ཡིན་པར་དགོས་ཤེས་སྨྲོས་ཤིག
༡༡ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་བཀའ་གནང་ངོ་། ༡༢ ཨིས་ར་ཨེལ་གྱི་བུ་ཚོ་ལ་འདི་སྐད་དུ། ཁྱོ་ཞིག་གི་ཆུང་མས་ཉེས་པ་བྱེད་ཅིང་། ༡༣ སྐྱེས་པ་ཞིག་མོ་དང་འཛོམ་ནས་ཁྱོ་ལ་རྒྱུས་མ་བྱུང་བ་དང་། མོ་ནི་གསང་སྟེ་མི་གཙང་བར་གྱུར་བའི་དཔང་པོ་སུ་ཡང་མེད་པས་མ་བཟུང་ཡང་། ༡༤ གལ་ཏེ་ཁྱོ་འགྲན་སེམས་ཀྱིས་བཟུང་བས་ངའི་ཆུང་མ་མི་གཙང་སོང་ངམ་མ་སོང་ཞེས་འཁྲེན་སེམས་སྐྱེད་ན། ༡༥ ཁྱོས་རང་གི་ཆུང་མ་བླ་མའི་མདུན་དུ་འཁྲིད་པ་དང་། མོའི་ཕྱིར་དུ་ནས་ཕྱེའི་ཨེ་ཕ་ཡི་བཅུ་ཆ་གཅིག་མཆོད་པར་འབུལ་བ། དེའི་སྟེང་དུ་འབྲུ་མར་ཡང་བླུག་པ་དང་སྤོས་དཀར་ཡང་དེ་ལ་འདེབས་པའི་མི་རིགས་སོ། དེ་ཅིའི་ཕྱིར་ཞེ་ན། འགྲན་སེམས་ཀྱི་ཞལ་ཟས་དང་ཉེས་པ་དྲན་བྱེད་པའི་ཞལ་ཟས་དེ་ཡིན་པའི་ཕྱིར་རོ༎
༡༦ ཡང་བླ་མས་བུད་མེད་དེ་ཚུར་འཁྲིད་ཅིང་ཡ་ཧོ་ཝཱའི་ཞལ་ངོར་འཇོག་པར་བྱ། ༡༧ ཡང་བླ་མས་རྫ་བུམ་ཞིག་ཏུ་ཆུ་དམ་པ་དང་བཞུགས་ས་རུ་ཡོད་པའི་ས་ཐལ་ནས་བླངས་ནས་བླ་མས་ཐལ་བ་དེ་ཆུ་རུ་འདེབས་པར་དགོས། ༡༨ ཡང་བླ་མས་མོ་དེ་ཡ་ཧོ་ཝཱའི་ཞལ་ངོར་བཞག་ནས་བུད་མེད་ཀྱི་མགོའི་སྐྲ་བཀྲོལ་ནས། དྲན་བྱེད་པའི་ཞལ་ཟས་ནི་འཁྲེན་སེམས་ཀྱི་ཞལ་ཟས་ཡིན་པ་དེ་མོའི་ལག་ཏུ་འཇོག་པར་དགོས། ཡང་བླ་མའི་ལག་ཏུ་སྨོན་ལོག་འགུག་པའི་ཆུ་ཁ་བ་ཡོད་པར་དགོས། ༡༩ དེ་ནས་བླ་མས་བུད་མེད་ལ་མནའ་འབོར་དུ་འཇུག་ཅིང་དེ་ལ། གལ་ཏེ་སྐྱེས་པ་སུ་ཡང་ཁྱོད་དང་མ་འཛོམས་པ་དང་། ཁྱོད་མི་གཙང་བར་གྱུར་པ་དང་། ཁྱོ་ལ་ཉེས་པ་མ་བྱས་ན་རྔན་འགུག་པའི་ཆུ་ཁ་བའི་མཐུ་ལས་ཐར་བར་གྱུར་ཅིག ༢༠ ཇི་སྟེ་ཁྱོ་ལ་ཉེས་པ་བྱས་ཤིང་མི་གཙང་བ་གྱུར་པ་དང་། ཁྱོད་ཀྱི་ཁྱོ་མ་ཡིན་པའི་སྐྱེས་པ་ཞིག་གིས་ཁྱོད་དང་འཛོམས་པ་ཡིན་ན། ༢༡ བླ་མས་བུད་མེད་ལ་དམོད་པའི་མནའ་བཀལ་ཏེ་བླ་མས་མོ་ལ་འདི་སྐད་ཅེས་སྨྲ་བར་དགོས། ཡ་ཧོ་ཝཱས་ཁྱོད་ཀྱི་ཡུལ་མིའི་དཀྱིལ་ན་ཁྱོད་དམོད་པ་དང་མནའ་རུ་མཛད་ཅིང་། ཡ་ཧོ་ཝཱས་ཁྱོད་ཀྱི་དཔྱི་འབུད་ཅིང་ཁྱོད་ཀྱི་གསུས་པ་སྤོ་བར་མཛད་པར་ཤོག་ཅིག ༢༢ ཡང་རྔན་འདེབས་པའི་ཆུ་འདི་ཁྱོད་ཀྱི་རྒྱུ་མ་རུ་སོང་བས་གསུས་པ་སྦོ་བར་དང་དཔྱི་འབུད་འཇུག་པར་ཤོག་ཅིག ཡང་བུད་མེད་ཀྱིས་ཨ་མེན་ཞེས་ཟེར་བར་དགོས།
༢༣ ཡང་བླ་མས་དམོད་པ་དེ་དག་དཔེའི་ནང་དུ་བྲིས་ནས་བྲིས་པ་དེ་ཆུ་ཁ་བ་ལ་བཤལ་ཞིང་འཕྱི་བར་དགོས། ༢༤ དེ་ནས་བུད་མེད་ཀྱིས་ཆུ་ཁ་བ་རྔན་འདེབས་པ་དེ་འཐུང་དུ་བཅུག་ནས་རྔན་འདེབས་པའི་ཆུ་མོའི་ནང་དུ་ཞུགས་ཏེ་ཁ་བར་འགྱུར་བར་དགོས་སོ། ༢༥ ཡང་བླ་མས་བུད་མེད་ཀྱི་ལག་པ་ནས་འཁྲེན་སེམས་ཀྱི་ཞལ་ཟས་བླངས་ནས་ཡ་ཧོ་ཝཱའི་ཞལ་ངོར་ཞལ་ཟས་དེ་ཕར་ཚུར་གཡོ་བ་དང་མཆོད་ཁྲིའི་ཁར་འབུལ་བར་དགོས། ༢༦ ཡང་བླ་མས་ཞལ་ཟས་ནས་སྤར་བ་གང་དྲན་བྱེད་པའི་སྐལ་བ་དེ་བླངས་ནས་མཆོད་ཁྲིའི་ཁར་སྲེག་པ་དང་། དེའི་རྗེས་ལ་བུད་མེད་ཀྱིས་ཆུ་འཐུང་འཇུག་པར་དགོས། ༢༧ ཡང་མོ་ལ་ཆུ་འཐུང་བཅུག་ནས་འདི་ལྟར་འབྱུང་བར་འགྱུར། གལ་ཏེ་མི་གཙང་བར་གྱུར་ཅིང་ཁྱོ་ལ་ཉེས་པ་བྱས་པ་ཡིན་ན། རྔན་འདེབས་པའི་ཆུ་མོའི་ནང་དུ་ཞུགས་ནས་ཁ་བར་འགྱུར་ཞིང་གསུས་པ་སྦོ་བ་དང་དཔྱི་འབུད་ཅིང་མོ་དེ་ཡུལ་མིའི་དཀྱིལ་དུ་དམོད་པར་འགྱུར་རོ། ༢༨ ཇི་སྟེ་བུད་མེད་མི་གཙང་བ་མ་ཡིན་ཏེ་དག་པ་ཡིན་ན། ཆད་པ་མི་གཅོད་ཅིང་བརྒྱུད་དང་ལྡན་པར་འགྱུར་རོ་ཞེས་སྨྲོས་ཤིག
༢༩ དེ་ནི་འཁྲེན་སེམས་ལ་བརྟེན་པའི་བཀའ་ཁྲིམས་དེ་ཡིན་ནོ། གལ་ཏེ་བུད་མེད་ཅིག་གིས་ཁྱོ་ལ་ཉེས་པ་བྱས་ཤིང་མི་གཙང་བ་གྱུར་པའམ། ༣༠ ཁྱོ་ཞིག་འཁྲེན་སེམས་ཀྱིས་བཟུང་བས་ཆུང་མ་ལ་འཁྲེན་སེམས་སྐྱེད་ན། ཆུང་མ་ཡ་ཧོ་ཝཱའི་ཞལ་ངོར་འཇོག་པ་དང་། བླ་མས་བུད་མེད་ལ་བཀའ་ཁྲིམས་དེ་ཐམས་ཅད་བཞིན་དུ་བྱེད་པར་བྱའོ། ༣༡ ཡང་ཁྱོད་ནོངས་མེད་ཡིན་ཏེ། བུད་མེད་དེས་རང་གི་ནོངས་པའི་འབྲས་བུ་ཟ་བར་དགོས་སོ༎