༤
ཡང་ཡ་ཧོ་ཝཱས་མོ་ཤེ་དང་ཨ་རོན་ལ་བཀའ་གནང་ཞིང་འདི་སྐད་དུ། ༢ ལེ་ཝི་པའི་བུ་རྣམས་ལས་ཀོ་ཧད་ཀྱི་བུ་རྣམས་ཀྱི་གྲངས་རང་གི་བརྒྱུད་དང་ཕའི་ཁང་པ་རྣམས་བཞིན་དུ། ༣ ལོ་སུམ་ཅུ་པ་ནས་ལོ་ལྔ་བཅུ་པའི་བར་དུ་ལས་ཀ་བྱེད་དུ་རུང་བ་འདུན་མའི་གུར་མཆོག་ན་ཞབས་ཏོག་བྱེད་པ་ཐམས་ཅད་རྩིས་ཤིག ༤ ཀོ་ཧད་ཀྱི་བུ་རྣམས་ལ་འདུན་མའི་གུར་མཆོག་གི་ནང་ན་དམ་པའི་དམ་པ་རུ་ལས་ཚན་ནི་འདི་ཡིན། ༥ སྒར་འཕོ་བའི་ཚེ་ན་ཨ་རོན་དང་དེའི་བུ་རྣམས་ནང་དུ་འཇུག་ཅིང་ཡོལ་བ་ཕབ་ནས་དེས་དཔང་པོའི་སྒྲོམ་འགེབས་པ་དང་། ༦ དེའི་སྟེང་དུ་སྲམ་གྱི་པགས་པའི་སྟན་དང་དེའི་སྟེང་དུ་རས་སྔོན་སང་འདིང་བ་དང་། དེའི་གདང་བུ་གཉིས་དེ་ནང་འཇུག་པར་དགོས། ༧ ཡང་སྤྱན་གཟིགས་ཀྱི་བག་ལེབ་ཀྱི་གསོལ་ལྕོག་གི་སྟེང་དུ་རས་སྔོན་སང་ཞིག་བཏིང་ནས། དེའི་སྟེང་དུ་སྡེར་མ་དང་ཕོར་པ་དང་བུམ་པ་དང་མཆོད་ཞལ་སྐྱེམས་ཀྱི་མཆོད་པ་འབུལ་དུ་ཡོད་པ་རྣམས་འཇོག་པ་དང་། རྒྱུན་ཆད་མེད་པའི་བག་ལེབ་ཡང་དེའི་སྟེང་དུ་ཡོད་པར་དགོས། ༨ དེ་རྣམས་ཀྱི་སྟེང་དུ་སྣམ་བུ་མཚལ་ཁ་བཏིང་ནས་དེ་སྲམ་གྱི་པགས་པའི་སྟན་གྱིས་འགེབས་པ་དང་། དེའི་གདང་བུ་གཉིས་དེ་ནང་འཇུག་པར་དགོས། ༩ ཡང་སྣམ་བུ་སྔོན་པོ་བླངས་ནས་འོད་ཀྱི་སྟེགས་བུ་དང་སྒྲོན་མ་རྣམས་དང་སྐམ་ཆུང་དང་ཆན་པ་དང་ཞབས་ཏོག་བྱེད་དུ་འབྲུ་མར་གྱི་སྣོད་ཐམས་ཅད་སྣམ་བུས་འགེབས་པ་དང་། ༡༠ དེ་དང་དེའི་མཆོད་རྫས་དང་མཉམ་དུ་སྲམ་གྱི་པགས་པའི་སྟན་གྱིས་བསྒྲིལ་ནས་གདང་ལ་འཇོག་པར་དགོས། ༡༡ ཡང་གསེར་གྱི་མཆོད་ཁྲིའི་སྟེང་དུ་སྣམ་བུ་སྔོན་པོ་ཞིག་བཏིང་ནས་སྲམ་གྱི་པགས་པའི་སྟན་གྱིས་འགེབས་པ་དང་། གདང་བུ་གཉིས་འཇུག་པར་དགོས་སོ། ༡༢ ཡང་གནས་དམ་པ་རུ་ཞབས་ཏོག་བྱེད་པའི་ཕྱིར་དགོས་པའི་མཆོད་རྫས་ཐམས་ཅད་ལེན་པ་དང་སྣམ་བུ་སྔོན་པོས་བསྒྲིལ་ནས་སྲམ་གྱི་པགས་པའི་སྟན་གྱིས་འགེབས་པ་དང་གདང་ལ་འཇོག་པར་དགོས། ༡༣ ཡང་མཆོད་ཁྲིའི་ཐལ་བ་ཕྱག་དར་བྱས་ནས་དེའི་སྟེང་དུ་སྣམ་བུ་དམར་པོ་འདིང་བ་དང་། ༡༤ དེའི་ཁར་ཞབས་ཏོག་གི་ཕྱིར་དགོས་པའི་མཆོད་རྫས་མེ་ཕོར་དང་ཤ་འཛིན་དང་མེ་ཁྱེམ་དང་མཆོད་ཞལ་རྣམས་དང་མཆོད་ཁྲིའི་མཆོད་རྫས་ཐམས་ཅད་བཞག་ནས་དེའི་སྟེང་དུ་སྲམ་གྱི་པགས་པའི་སྟན་འདིང་བ་དང་། གདང་བུ་གཉིས་དེ་ལ་འཇུག་པར་དགོས་སོ། ༡༥ ཡང་སྒར་འཕོ་བའི་ཚེ་ན་ཨ་རོན་དང་དེའི་བུ་རྣམས་གནས་དམ་པ་དང་གནས་དང་པའི་རྫས་ཐམས་ཅད་འགེབས་ཟིན་ན། ཀོ་ཧད་ཀྱི་བུ་རྣམས་ཀྱིས་དེ་འཁུར་བའི་ཕྱིར་ནང་དུ་འཇུག་པར་བྱ། འོན་ཀྱང་དེ་དག་མི་འཆི་བའི་ཕྱིར་རྫས་དམ་པ་དེ་ལ་རེག་པར་མི་རུང་ངོ་། ཀོ་ཧད་ཀྱི་བུ་རྣམས་ཀྱིས་འདུན་མའི་གུར་མཆོག་གི་རྫས་འཁུར་བར་དགོས་པ་ནི་ལས་ཚན་དེ་ཡིན་ནོ༎༡༦ ཡང་བླ་མ་ཨ་རོན་གྱི་བུ་ཨེལ་ཨ་ཟར་གྱི་ཁག་འདི་ཡིན། མར་མེའི་སྟེགས་བུའི་འབྲུ་མར་དང་དྲི་ཞིམ་བདུག་སྤོས་དང་རྒྱུན་མི་ཆད་པའི་ཞལ་ཟས་དང་བྱུགས་སྤོས་དམ་པ་དང་གུར་མཆོག་དང་དེའི་ནང་ན་ཡོད་པ་ཐམས་ཅད་ཅེ་ན་གནས་དམ་པ་དེའི་མཆོད་རྫས་རྣམས་སོ༎
༡༧ ཡང་ཡ་ཧོ་ཝཱས་མོ་ཤེ་དང་ཨ་རོན་ལ་འདི་གསུངས་པ། ༡༨ ལེ་ཝི་པ་རྣམས་ཀྱི་ནང་ནས་ཀོ་ཧད་པ་རྣམས་ཀྱི་བརྒྱུད་ཀྱི་སྡེ་མེད་པར་འགྱུར་བར་མ་འཇུག ༡༩ དེ་དག་དམ་པའི་དམ་པའི་དྲུང་དུ་ཉེ་བར་འོང་བའི་དུས་སུ་མ་ཤི་བར་གསོན་པོར་ལུས་པའི་ཕྱིར་ཁྱེད་ཀྱིས་དེ་དག་ལ་བྱེད་དགོས་པའི་ལས་ཀ་འདི་སྟོན་དགོས། ཨ་རོན་བུ་རྣམས་དང་བཅས་པ་ནང་དུ་སོང་ནས་དེ་དག་རེ་རང་གི་ལས་དང་རེ་རེས་ཅི་འཁུར་བར་དགོས་པ་སྟོན་པར་བྱའོ། ༢༠ འོན་ཀྱང་དེ་དག་མི་འཆི་བའི་ཕྱིར་གནས་དམ་པ་ལ་སྐད་ཅིག་ཀྱང་ལྟ་བའི་ཕྱིར་ནང་དུ་འཇུག་པར་མི་རུང་ངོ་༎
༢༡ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་བཀའ་སྩལ་པ། ༢༢ གེར་ཤོན་གྱི་བུ་རྣམས་ཀྱི་གྲངས་ཀྱང་ཕའི་ཁང་པ་དང་བརྒྱུད་རྣམས་བཞིན་དུ་རྩིས་ཤིག ༢༣ ལོ་སུམ་ཅུ་པ་ཡན་ཆད་ལྔ་བཅུ་པའི་བར་དུ་ལས་བྱེད་དུ་རུང་ཞིང་འདུན་མའི་གུར་མཆོག་ལ་ཞབས་ཏོག་བྱེད་པ་ཐམས་ཅད་རྩིས་ཤིག ༢༤ གེར་ཤོན་པའི་བརྒྱུད་རྣམས་ཀྱིས་ཞབས་ཏོག་བྱེད་པ་དང་འཁུར་བའི་ལས་ཚན་འདི་ལྟ་སྟེ། ༢༥ དེ་དག་གིས་གུར་མཆོག་གི་སྟན་རྣམས་དང་འདུན་མའི་གུར་མཆོག་དང་དེའི་ཐོག་ཡོལ་དང་དེའི་སྟེང་ན་ཡོད་པའི་སྲམ་གྱི་པགས་པའི་སྟན་དང་འདུན་མའི་གུར་མཆོག་གི་སྒོ་ཡོལ་དང་། ༢༦ ཁྱམས་ཀྱི་ཡོལ་བ་རྣམས་དང་བཞུགས་ས་དང་མཆོད་ཁྲི་སྐོར་བའི་ཁྱམས་ཀྱི་སྒོ་ཡོལ་དང་ཐག་པ་རྣམས་དང་ཞབས་ཏོག་བྱེད་པའི་ཕྱིར་རྫས་ཐམས་ཅད་འཁྱེར་བ་དང་། དེ་ལ་ཅི་བྱེད་རྒྱུ་ཡིན་པ་དེ་དག་གིས་བྱེད་པར་དགོས་སོ། ༢༧ གེར་ཤོན་པའི་བུ་རྣམས་ཀྱིས་ལས་གང་ཡང་བྱེད་ཅིང་ཅི་དང་ཅི་འཁུར་བ་དང་ཞབས་ཏོག་བྱེད་པ་ནི་ཨ་རོན་དང་དེའི་བུ་རྣམས་ཀྱིས་ཟེར་བ་བཞིན་དུ་བྱེད་དགོས། ཡང་དེ་དག་གིས་ཅི་འཁུར་བའི་རྫས་ཐམས་ཅད་ཀྱི་ཁག་ནི་ཁྱེད་ཀྱིས་དེ་དག་ལ་འགེལ་བར་དགོས་སོ། ༢༨ གེར་ཤོན་པའི་བུ་རྣམས་ཀྱི་བརྒྱུད་ཀྱི་ལས་ཚན་ནི་འདུན་མའི་གུར་མཆོག་ལ་བརྟེན་པ་དེ་ཡིན་ཏེ་དེ་དག་གི་ཁག་ནི་བླ་མ་ཨ་རོན་གྱི་བུ་ཨི་ཐ་མར་གྱི་ལག་ཏུ་ཡོད་པར་དགོས་སོ༎
༢༩ མེ་རཱ་རི་ཡི་བུ་རྣམས་ལ་རྟེན་ཏེ་དེ་དག་གི་གྲངས་རང་གི་བརྒྱུད་དང་ཕའི་ཁང་པ་བཞིན་དུ་རྩི་དགོས། ༣༠ ལོ་སུམ་ཅུ་པ་ཡན་ཆད་ལོ་ལྔ་བཅུ་པའི་བར་དུ་ལས་བྱེད་དུ་རུང་ཞིང་འདུན་མའི་གུར་མཆོག་ལ་ཞབས་ཏོག་བྱེད་པ་ཐམས་ཅད་བརྩིས་ཤིག ༣༡ ཡང་དེ་དག་གི་ལས་ཚན་འདུན་མའི་གུར་མཆོག་ལ་བརྟེན་པ་ཐམས་ཅད་བཞིན་དུ་དེ་དག་གིས་འཁུར་བར་ཁག་བཀལ་པ་འདི་ཡིན། གནས་དམ་པའི་སྤང་ལེབ་དང་རྒྱབ་ལག་དང་ཀ་བ་དང་རྐང་སྟེགས་རྣམས་དང་། ༣༢ མཐའ་འཁོར་གྱི་ཁྱམས་ཀྱི་ཀ་བ་དང་དེའི་རྐང་སྟེགས་དང་ཕུར་པ་དང་ཐག་པ་དང་དེ་ལ་གཏོགས་པའི་རྫས་ཐམས་ཅད་དོ། དེ་དག་གིས་སྲུང་བ་དང་འཁུར་བར་བསྐོས་ནས་རྫས་རྣམས་རེ་རེའི་མིང་བརྗོད་ནས་དེ་དག་ལ་ཐོད་ཅིག ༣༣ མེ་རཱ་རི་ཡི་བུ་རྣམས་ཀྱི་བརྒྱུད་རྣམས་ཀྱི་ལས་ཀ་འདུན་མའི་གུར་མཆོག་ན་ཞབས་ཏོག་ཅི་བྱེད་རྒྱུ་ཡིན་པ་དེ་ནི་བླ་མ་ཨ་རོན་གྱི་བུ་ཨི་ཐ་མར་གྱི་ལག་ཏུ་ཡོད་དོ༎
༣༤ ཡང་མོ་ཤེ་དང་ཨ་རོན་དང་ཆོས་ཚོགས་ཀྱི་སྡེ་དཔོན་རྣམས་ཀྱིས་ཀོ་ཧད་ཀྱི་བུ་ཚོའི་གྲངས་རང་གི་བརྒྱུད་དང་ཕའི་ཁང་པ་རྣམས་བཞིན་དུ་བརྩིས་ཤིང་། ༣༥ ལོ་སུམ་ཅུ་པ་ཡན་ཆད་ལོ་ལྔ་བཅུ་པའི་བར་དུ་ལས་བྱེད་དུ་རུང་ཞིང་འདུན་མའི་གུར་མཆོག་ལ་ཞབས་ཏོག་བྱེད་པ་ཐམས་ཅད་བརྩིས་སོ། ༣༦ ཡང་རང་གི་བརྒྱུད་བཞིན་དུ་བརྩིས་པའི་གྲངས་ནི་ཉིས་སྟོང་བདུན་བརྒྱ་ལྔ་བཅུའོ། ༣༧ ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་སྩལ་པ་བཞིན་དུ་མོ་ཤེ་དང་ཨ་རོན་གྱིས་ཀོ་ཧད་པའི་བརྒྱུད་འདུན་མའི་གུར་མཆོག་ལ་ཞབས་ཏོག་བྱེད་པ་ཐམས་ཅད་ཀྱི་གྲངས་བརྩིས་པ་དེ་ཡིན་ནོ༎
༣༨ ཡང་གེར་ཤོན་གྱི་བུ་ཚོའི་གྲངས་རང་གི་བརྒྱུད་དང་ཕའི་ཁང་པ་རྣམས་བཞིན་དུ་བརྩིས་པ་རྣམས། ༣༩ ལོ་སུམ་ཅུ་པ་ཡན་ཆད་ལོ་ལྔ་བཅུ་པའི་བར་དུ་ལས་བྱེད་དུ་རུང་བ་དང་འདུན་མའི་གུར་མཆོག་ལ་ཞབས་ཏོག་བྱེད་པ་ཐམས་ཅད་ཀྱི་གྲངས་ནི། ༤༠ རང་གི་བརྒྱུད་དང་ཕའི་ཁང་པ་བཞིན་དུ་ཉིས་སྟོང་དྲུག་བརྒྱ་སུམ་ཅུའོ། ༤༡ ཡ་ཧོ་ཝཱས་བཀའ་སྩལ་གནང་བས་མོ་ཤེ་དང་ཨ་རོན་གྱིས་གེར་ཤོན་གྱི་བུ་ཚོའི་བརྒྱུད་འདུན་མའི་གུར་མཆོག་ན་ཞབས་ཏོག་བྱེད་པ་ཐམས་ཅད་ཀྱི་གྲངས་བརྩིས་པ་དག་དེ་ཡིན་ནོ༎
༤༢ ཡང་མེ་རཱ་རི་ཡི་བུ་ཚོའི་བརྒྱུད་ལས་རང་གི་བརྒྱུད་དང་ཕའི་ཁང་པ་བཞིན་དུ་བརྩིས་པ་ནི། ༤༣ ལོ་སུམ་ཅུ་པ་ཡན་ཆད་ལོ་ལྔ་བཅུ་པའི་བར་དུ་ལས་བྱེད་པར་རུང་ཞིང་འདུན་མའི་གུར་མཆོག་ན་ཞབས་ཏོག་བྱེད་པ་ཐམས་ཅད་ཀྱི་གྲངས་ནི། ༤༤ རང་གི་བརྒྱུད་བཞིན་དུ་བརྩིས་ནས་སུམ་སྟོང་དང་ཉིས་བརྒྱའོ། ༤༥ ཡ་ཧོ་ཝཱས་མོ་ཤེ་རྒྱུད་དེ་བཀའ་གནང་བ་བཞིན་དུ་མོ་ཤེ་དང་ཨ་རོན་གྱིས་མེ་རཱ་རི་ཡི་བུ་རྣམས་ཀྱི་བརྒྱུད་ཀྱི་གྲངས་བརྩིས་པ་དག་དེ་ཡིན་ནོ༎
༤༦ གྲངས་བརྩིས་པར་གྱུར་པ་ཐམས་ཅད་ནི་མོ་ཤེ་དང་ཨ་རོན་དང་ཨིས་ར་ཨེལ་གྱི་སྡེ་དཔོན་ལེ་ཝི་པ་རྣམས་ཀྱིས་རང་གི་བརྒྱུད་དང་ཕའི་ཁང་པ་རྣམས་བཞིན་དུ་བརྩིས་པ་དག ༤༧ ལོ་སུམ་ཅུ་པ་ཡན་ཆད་ལོ་ལྔ་བཅུ་པའི་བར་དུ་ལས་བྱེད་པར་རུང་ཞིང་འདུན་མའི་གུར་མཆོག་ན་ཞབས་ཏོག་བྱེད་པ་དང་འཁུར་བའི་ལས་བྱེད་པ་ཐམས་ཅད་ཀྱི་གྲངས་ནི། ༤༨ བརྒྱད་སྟོང་ལྔ་བརྒྱ་དང་བརྒྱད་ཅུའོ། ༤༩ ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་མོ་ཤེས་མི་རེ་རང་གི་ལས་དང་རེ་རང་གི་ཁུར་འཁུར་བའི་ཕྱིར་བརྩིས་སོ། དེ་ལྟར་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་དེ་དག་བརྩིས་སོ༎