༣
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་རི་སི་ནཱ་ལ་གསུང་གླེང་མཛད་པའི་དུས་སུ་ཨ་རོན་དང་མོ་ཤེའི་རིགས་བརྒྱུད་ནི་འདི་དག་སྟེ། ༢ ཨ་རོན་གྱི་བུ་རྣམས་ཀྱི་མིང་ནི་སྔོན་སྐྱེས་ནཱ་དབ་དང་། ཨ་བི་ཧུ་དང་། ཨེལ་ཨ་ཟར་དང་། ཨི་ཐ་མར་དང་བཞིའོ། ༣ དེ་ནི་ཨ་རོན་གྱི་བུ་རྣམས་ཤེ་ན། བྱུགས་པས་བྱུགས་པའི་བླ་མ་དང་བླ་མའི་ཞབས་ཏོག་བྱེད་དུ་དབང་སྐུར་བར་གྱུར་པ་རྣམས་སོ། ༤ ཡང་ནཱ་དབ་དང་ཨ་བི་ཧུ་གཉིས་ཀྱིས་འབྲོག་སྟོང་སི་ནཱ་ལ་ཡ་ཧོ་ཝཱའི་ཞལ་ངོར་ཐུན་མོང་གི་མེ་ཕུལ་བས། དེ་གཉིས་ཤི་སྟེ་བུ་མེད་ནས། ཨེལ་ཨ་ཟར་དང་ཨི་ཐ་མར་གཉིས་ཀྱིས་ཕ་ཨ་རོན་གྱི་མདུན་དུ་བླ་མའི་ལས་བྱས་སོ༎༥ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་གསུངས་པ། ༦ སྡེ་ལེ་ཝི་ཚུར་འཁྲིད་ལ་དེ་དག་གིས་བླ་མ་ཨ་རོན་ལ་ཞབས་ཕྱི་བྱེད་པའི་ཕྱིར་དེའི་མདུན་དུ་ཞོག་ཅིག ༧ ཡང་དེ་དག་གིས་དེའི་ཞབས་ཕྱི་དང་། འདུན་མའི་གུར་མཆོག་གི་མདུན་དུ་འདུས་པའི་ཆོས་ཚོགས་ཐམས་ཅད་ཀྱི་ཞབས་ཕྱི་བྱེད་ཅིང་གུར་མཆོག་གི་ཞབས་ཏོག་བྱེད་པར་དགོས། ༨ ཡང་འདུན་མའི་གུར་མཆོག་གི་མཆོད་རྫས་ཐམས་ཅད་སྲུང་ཞིང་ཨིས་ར་ཨེལ་གྱི་བུ་རྣམས་ལ་ཞབས་ཕྱི་བྱེད་དེ་གུར་མཆོག་ལ་ཞབས་ཏོག་བྱེད་པར་དགོས་སོ། ༩ ཡང་ཁྱོད་ཀྱིས་ལེ་ཝི་པ་རྣམས་ཨ་རོན་དང་དེའི་བུ་རྣམས་ལ་སྟེར་དགོས། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཕྱོགས་ནས་དེ་དག་དེ་ལ་གཏོང་བར་དགོས། ༡༠ ཨ་རོན་དང་དེའི་བུ་རྣམས་ལ་བླ་མའི་ལས་བྱེད་པའི་དོན་དུ་འཆོལ་བར་དགོས་སོ། གཞན་ཉེ་བར་འོང་བའི་མི་ཡན་ནི་གསོད་པར་དགོས།
༡༡ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༡༢ ལྟོས་ཤིག་ངས་རང་གི་ཕྱིར་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ནང་ནས་སྔོན་སྐྱེས་དང་ཨིས་ར་ཨེལ་གྱི་བུ་རྣམས་ལས་མངལ་ནས་དང་པོར་འབྱུང་བ་གང་ཡིན་པ་དེའི་དོད་དུ་ལེ་ཝི་པ་རྣམས་བཞག་པས། ལེ་ཝི་པ་རྣམས་ངའི་ཡིན་པར་དགོས། ༡༣ དེ་ཅིའི་ཕྱིར་ཞེ་ན། སྔོན་སྐྱེས་གང་ཡིན་པ་ངའི་ཡིན་ཏེ། ངས་མི་སེར་ཡུལ་ན་སྔོན་སྐྱེས་ཐམས་ཅད་བསད་པའི་ཉིན་པར་ཨིས་ར་ཨེལ་གྱི་སྔོན་སྐྱེས་མི་དང་དུད་འགྲོ་གཉིས་ང་ལ་དམ་པར་བྱས་པས། ངའི་ཡིན་པར་དགོས་པས་སོ། ང་ནི་ཡ་ཧོ་ཝཱ་ཡིན་ནོ་ཞེས་བཀའ་གནང་ངོ་༎
༡༤ ཡང་ཡ་ཧོ་ཝཱས་འབྲོག་སྟོང་སི་ནཱ་རུ་མོ་ཤེ་ལ་འདི་སྐད་དུ། ༡༥ ལེ་ཝིའི་བུ་རྣམས་ཀྱི་གྲངས་རེ་རང་གི་ཕའི་ཁང་པ་དང་རིགས་བརྒྱུད་རྣམས་བཞིན་དུ་རྩི་ཞིང་ཟླ་བ་གཅིག་པ་ཡན་ཆད་ཕོ་གང་ཡིན་པ་ཐམས་ཅད་རྩི་བར་དགོས་ཤེས་བཀའ་གནང་བས། ༡༦ ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་དེ་དག་གི་གྲངས་བརྩིས་སོ། ༡༧ ལེ་ཝིའི་བུ་རྣམས་ཀྱི་མིང་འདི་ཡིན། གེར་ཤོན་དང་ཀོ་ཧད་དང་མེ་རཱ་རི་དང་གསུམ་མོ། ༡༨ ཡང་གེར་ཤོན་གྱི་བུ་རྣམས་ཀྱི་མིང་རང་གི་བརྒྱུད་བཞིན་དུ་ལིབ་ནི་དང་ཤི་མེ་ཨི་དང་གཉིས་སོ། ༡༩ ཡང་ཀོ་ཧད་ཀྱི་བུ་རྣམས་རང་གི་བརྒྱུད་བཞིན་དུ་ཨམ་རམ་དང་ཡིས་ཧར་དང་ཧེབ་རོན་དང་ཨུ་ཟི་ཨེལ་དང་བཞིའོ། ༢༠ ཡང་མེ་རཱ་རི་ཡི་བུ་རྣམས་རང་གི་བརྒྱུད་བཞིན་དུ་མག་ལི་དང་མུ་ཤི་དང་གཉིས་སོ། ལེ་ཝི་པ་རྣམས་ཀྱི་རིགས་བརྒྱུད་ཕའི་ཁང་པ་རྣམས་བཞིན་དུ་འདི་ཀ་ཡིན་ནོ༎
༢༡ གེར་ཤོན་ནས་ལིབ་ནི་པ་རྣམས་ཀྱི་བརྒྱུད་དང་ཤི་མེ་ཨི་པ་རྣམས་ཀྱི་བརྒྱུད་ཡིན་ཏེ་དེ་དག་གེར་ཤོན་གྱི་བརྒྱུད་རྣམས་ཡིན་ནོ། ༢༢ གྲངས་བརྩིས་ནས་ཟླ་བ་གཅིག་པ་ཕོ་གང་ཡིན་པ་ཡན་ཆད་བརྩིས་པའི་གྲངས་བདུན་སྟོང་ལྔ་བརྒྱའོ། ༢༣ གེར་ཤོན་པའི་བརྒྱུད་རྣམས་གུར་མཆོག་གི་རྒྱབ་ཏུ་ནུབ་ཕྱོགས་ལ་སྒར་འདེབས་དགོས། ༢༤ གེར་ཤོན་པ་རྣམས་ཀྱི་ཕའི་ཁང་པའི་སྡེ་དཔོན་ནི་ལ་ཨེལ་གྱི་བུ་ཨེལ་ཡ་སབ་ཡིན་ནོ། ༢༥ ཡང་གེར་ཤོན་གྱི་བུ་རྣམས་ཀྱི་ཁག་འདུན་མའི་གུར་མཆོག་ན་འདི་ཡིན། གནས་དམ་པ་དང་གུར་མཆོག་དང་དེའི་ཐོག་ཡོལ་དང་འདུན་མའི་གུར་མཆོག་གི་སྒོ་ཡོལ་དང་། ༢༦ ཁྱམས་ཀྱི་ཡོལ་བ་རྣམས་དང་ཁྱམས་ཀྱི་སྒོ་ཡོལ་གནས་དམ་པ་དང་མཆོད་ཁྲི་སྐོར་བ་དང་དེ་ལ་གཏོག་པའི་ཐག་པ་རྣམས་སོ༎
༢༧ ཡང་ཀོ་ཧད་ནས་ཨམ་རམ་པའི་བརྒྱུད་དང་ཡིས་ཧར་དང་ཧེབ་རོན་པའི་བརྒྱུད་དང་ཨུ་ཟི་ཨེལ་པའི་བརྒྱུད་ནི་དེ་དག་ཀོ་ཧད་པའི་བརྒྱུད་རྣམས་སོ། ༢༨ ཟླ་བ་གཅིག་པ་ཡན་ཆད་ཕོ་གང་ཡིན་པའི་གྲངས་ནི་བརྒྱད་སྟོང་དང་དྲུག་ཅུ་ཡིན་པ་དེ་གནས་དམ་པ་བསྲུངས་སོ། ༢༩ ཀོ་ཧད་ཀྱི་བུ་རྣམས་ཀྱི་བརྒྱུད་རྣམས་གུར་མཆོག་གི་ལྷོ་ཕྱོགས་ལ་སྒར་བཏབ་བོ། ༣༠ ཡང་ཀོ་ཧད་པ་རྣམས་ཀྱི་བརྒྱུད་རྣམས་ཀྱི་ཕའི་ཁང་པའི་སྡེ་དཔོན་ནི་ཨུ་ཟི་ཨེལ་གྱི་བུ་ཨེ་ལི་ཚ་ཕན་ཡིན་ནོ། ༣༡ ཡང་དེ་དག་གི་ཁག་ནི་སྒྲོམ་དང་གསོལ་ལྕོག་དང་མར་མེའི་སྟེགས་བུ་དང་གནས་དམ་པའི་མཆོད་རྫས་ཞབས་འདེགས་པ་དང་སྒོ་ཡོལ་དང་དེ་ལ་གཏོགས་པ་ཐམས་ཅད་དོ། ༣༢ ལེ་ཝིའི་སྡེ་དཔོན་རྣམས་ཀྱི་སྡེ་དཔོན་ནི་བླ་མ་ཨ་རོན་གྱི་བུ་ཨེལ་ཨ་ཟར་གྱིས་གནས་དམ་པ་སྲུང་བའི་མི་རྣམས་ཀྱི་མགོ་བྱེད་ཡིན་ནོ༎
༣༣ མེ་རཱ་རི་ནས་མག་ལི་པ་རྣམས་ཀྱི་བརྒྱུད་དང་མུ་ཤི་པ་རྣམས་ཀྱི་བརྒྱུད་གཉིས་དེ་ནི་མེ་རཱ་རི་ཡི་བརྒྱུད་རྣམས་སོ། ༣༤ ཡང་ཟླ་བ་གཅིག་པ་ཡན་ཆད་ཕོ་གང་ཡིན་པའི་གྲངས་བརྩིས་པ་ནི་དྲུག་སྟོང་ཉིས་བརྒྱའོ། ༣༥ ཡང་མེ་རཱ་རི་ཡི་བརྒྱུད་ཀྱི་ཕའི་ཁང་པའི་སྡེ་དཔོན་ནི་ཨ་བི་ཧ་ཨིལ་གྱི་བུ་ཚུ་རི་ཨེལ་ཡིན། དེ་དག་གིས་གུར་མཆོག་གི་བྱང་ཕྱོགས་སུ་སྒར་བཏབ་བོ། ༣༦ ཡང་མེ་རཱ་རི་ཡི་བུ་རྣམས་ཀྱི་ཁག་དང་ལས་ཀ་ནི་གུར་མཆོག་གི་སྤང་ལེབ་དང་རྒྱབ་ལག་དང་ཀ་བ་དང་རྐང་སྟེགས་རྣམས་དང་དེ་ལ་གཏོགས་པའི་ཆ་སྤྱད་ཐམས་ཅད་དང་། ༣༧ དེ་ལ་སྐོར་བའི་ཁྱམས་ཀྱི་ཀ་བ་དང་རྐང་སྟེགས་དང་ཕུར་པ་དང་ཐག་པ་རྣམས་སོ༎
༣༨ ཡང་ཤར་ཕྱོགས་སུ་བཞུགས་སའི་མདུན་ལོགས་ལ་འདུན་མའི་གུར་མཆོག་གི་ཉི་མ་ཤར་བའི་ཕྱོགས་སུ་སྒར་བཏབ་པ་རྣམས་ནི་མོ་ཤེ་དང་ཨ་རོན་དང་དེའི་བུ་རྣམས་ཡིན། དེ་དག་གིས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཚབ་ཏུ་གནས་དམ་པའི་ཁག་འཁུར་དགོས། གཞན་མི་ཡན་ཉེ་བར་འོང་བ་གསོད་དགོས། ༣༩ ཡ་ཧོ་ཝཱའི་བཀའ་བཞིན་དུ་མོ་ཤེ་དང་ཨ་རོན་གྱིས་རང་གི་བརྒྱུད་རྣམས་བཞིན་དུ་བརྩིས་པའི་ལེ་ཝི་པ་ཟླ་བ་གཅིག་པ་ཡན་ཆད་ཕོ་གང་ཡིན་པ་དེ་དག་གི་གྲངས་ནི་ཉིས་ཁྲི་ཉིས་སྟོང་ངོ་༎
༤༠ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ། ཨིས་ར་ཨེལ་གྱི་བུ་རྣམས་ལས་སྔོན་དུ་སྐྱེས་པའི་ཕོ་ཟླ་བ་གཅིག་པ་ཡན་ཆད་གང་ཡིན་བརྩིས་ཏེ་དེ་དག་གི་མིང་གི་གྲངས་རྩིས་ཤིག ༤༡ ང་ནི་ཡ་ཧོ་ཝཱ་ཡིན་པས། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་སྔོན་སྐྱེས་ཐམས་ཅད་ཀྱི་དོད་དུ་ལེ་ཝི་པ་རྣམས་ངའི་ཕྱིར་ཞོག་ཅིག་དང་། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་དུད་འགྲོ་ལས་ཀྱང་སྔོན་སྐྱེས་ཐམས་ཅད་ཀྱི་དོད་དུ་ལེ་ཝི་པ་རྣམས་ཀྱི་དུད་འགྲོ་འཇོག་པར་དགོས་ཤེས་གསུངས་སོ། ༤༢ ཡ་ཧོ་ཝཱས་བཀའ་སྩལ་པ་བཞིན་དུ་མོ་ཤེས་ཨིས་ར་ཨེལ་པ་རྣམས་ལས་སྔོན་སྐྱེས་ཐམས་ཅད་ཀྱི་གྲངས་བརྩིས་ནས། ༤༣ ཕོ་སྔོན་དུ་སྐྱེས་པ་ཟླ་བ་གཅིག་པ་ཡན་ཆད་ཐམས་ཅད་ཀྱི་མིང་གི་གྲངས་བཞིན་དུ་བརྩིས་པ་ནི་ཉིས་ཁྲི་ཉིས་སྟོང་ཉིས་བརྒྱ་དང་བདུན་ཅུ་དོན་གསུམ་མོ༎
༤༤ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༤༥ ཨིས་ར་ཨེལ་གྱི་བུ་རྣམས་ལས་སྔོན་སྐྱེས་ཐམས་ཅད་ཀྱི་དོད་དུ་ལེ་ཝི་པ་རྣམས་ཞོག་ལ་དེ་དག་གི་དུད་འགྲོའི་དོད་དུ་ལེ་ཝི་པ་རྣམས་ཀྱི་དུད་འགྲོ་ཞོག་ཅིག ང་ནི་ཡ་ཧོ་ཝཱ་ཡིན་པས་ལེ་ཝི་པ་རྣམས་ངའི་ཡིན་པར་དགོས་སོ། ༤༦ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་སྔོན་སྐྱེས་ཉིས་བརྒྱ་དང་བདུན་ཅུ་དོན་གསུམ་ལེ་ཝི་པ་རྣམས་ལས་ལྷག་ཡོད་པ་དེ་བླུ་བའི་རིན་གྱི་ཕྱིར། ༤༧ མི་རེ་ལས་ཤེ་ཀེལ་ལྔ་ལྔ་བློངས་ཤིག མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་རེ་ལ་གེ་ར་ཉི་ཤུ་བརྩིས་ནས་ལེན་དགོས། ༤༨ ཡང་དངུལ་དེ་དེ་དག་ལས་ལྷག་ཡོད་པ་དེ་བླུ་བའི་རིན་ཡིན་པས། ཨ་རོན་དང་དེའི་བུ་རྣམས་ལ་སྟེར་བར་དགོས་བཀའ་གནང་ངོ་། ༤༩ ཡང་མོ་ཤེས་ལེ་ཝི་པ་རྣམས་ཀྱིས་བླུས་པ་རྣམས་ལས་ཐལ་བ་རྣམས་ཀྱི་བླུ་རིན་བླངས་པ་དང་། ༥༠ ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་སྔོན་སྐྱེས་རྣམས་ལས་མཆོད་ཁང་གི་ཤེ་ཀེལ་བཞིན་དུ་ཤེ་ཀེལ་ཆིག་སྟོང་སུམ་བརྒྱ་དྲུག་ཅུ་རེ་ལྔ་བླངས་སོ། ༥༡ ཡ་ཧོ་ཝཱའི་བཀའ་བཞིན་དུ་མོ་ཤེས་བླུ་རིན་ཨ་རོན་དང་དེའི་བུ་རྣམས་ལ་གནང་ངོ་། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་ནོ༎