ཡང་ཡ་ཧོ་ཝཱས་མོ་ཤེ་དང་ཨ་རོན་ལ་འདི་སྐད་ཅེས་གསུངས་པ།  ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་རེ་རེ་རང་གི་དར་པོ་ཆེ་དང་ཕ་རྣམས་ཀྱི་ཁང་པའི་དར་ཆེན་གྱི་མདུན་དུ་གུར་འབུབས་དགོས། འདུན་མའི་གུར་མཆོག་སྐོར་ཏེ་དེའི་ཐད་དུ་གུར་འབུབས་པར་དགོས་སོ།  ཡང་ཉི་མ་ཤར་བའི་ཕྱོགས་སུ་གུར་འབུབས་པ་རྣམས་ནི་ཡ་ཧུ་དཱ་ཡི་སྒར་ཚོགས་ཀྱི་དར་པོ་ཆེ་དང་། ཡ་ཧུ་དཱ་ཡི་བུ་རྣམས་ཀྱི་སྡེ་དཔོན་ཨ་མི་ནཱ་དབ་ཀྱི་བུ་ན་ཧ་ཤོན་དང་།  དེའི་ཚོགས་དང་གྲངས་བརྩིས་པའི་མི་རྣམས་བདུན་ཁྲི་བཞི་སྟོང་དྲུག་བརྒྱའོ།  དེ་རྣམས་དང་སྒྲིག་སྟེ་གུར་འབུབས་པ་རྣམས་ནི་སྡེ་ཡིས་ཀར་དང་། ཨི་ས་གར་གྱི་བུ་རྣམས་ཀྱི་སྡེ་དཔོན་ཚུ་ཨར་གྱི་བུ་ནེ་ཐན་ཨེལ་དང་།  དེའི་ཚོགས་དང་གྲངས་བརྩིས་པའི་མི་ལྔ་ཁྲི་བཞི་སྟོང་བཞི་བརྒྱའོ།  སྡེ་ཟེ་བུ་ལོན་དང་། ཟེ་བུ་ལོན་གྱི་བུ་རྣམས་ཀྱི་སྡེ་དཔོན་ཧེ་ལོན་གྱི་བུ་ཨེ་ལི་ཨབ་དང་།  དེའི་ཚོགས་དང་གྲངས་བརྩིས་པའི་མི་རྣམས་ལྔ་ཁྲི་བདུན་སྟོང་བཞི་བརྒྱའོ།  ཡ་ཧུ་དཱ་ཡི་སྒར་ལས་གྲངས་བརྩིས་པའི་མི་ཐམས་ཅད་རང་གི་ཚོགས་བཞིན་དུ་འབུམ་གཅིག་བརྒྱད་ཁྲི་དྲུག་སྟོང་བཞི་བརྒྱའོ། དེ་དག་ནི་སྔོན་དུ་འགྲོ་བར་དགོས་སོ༎
༡༠ ལྷོ་ཕྱོགས་ན་རང་གི་ཚོགས་རྣམས་བཞིན་དུ་རུ་བེན་གྱི་སྒར་གྱི་དར་པོ་ཆེ་དང་། རུ་བེན་གྱི་བུ་རྣམས་ཀྱི་སྡེ་དཔོན་ཤེ་དེ་ཨུར་གྱི་བུ་ཨེ་ལི་ཚུར་དང་། ༡༡ དེའི་ཚོགས་དང་གྲངས་བརྩིས་པའི་མི་རྣམས་བཞི་ཁྲི་དྲུག་སྟོང་ལྔ་བརྒྱའོ། ༡༢ ཡང་དེ་རྣམས་དང་སྒྲིག་སྟེ་གུར་འབུབས་པ་རྣམས་ནི་སྡེ་ཤིམ་ཨོན་དང་། ཤིམ་ཨོན་གྱི་བུ་རྣམས་ཀྱི་སྡེ་དཔོན་ཚུ་རི་ཤད་དཱ་ཨི་ཡི་བུ་ཤེ་ལུ་མི་ཨེལ་དང་། ༡༣ དེའི་ཚོགས་དང་གྲངས་བརྩིས་པའི་མི་རྣམས་ནི་ལྔ་ཁྲི་དགུ་སྟོང་སུམ་བརྒྱའོ། ༡༤ ཡང་སྡེ་གད་དང་གད་ཀྱི་བུ་རྣམས་ཀྱི་སྡེ་དཔོན་རེ་གུ་ཨེལ་གྱི་བུ་ཨེལ་ཡ་སབ་དང་། ༡༥ དེའི་ཚོགས་དང་གྲངས་བརྩིས་པའི་མི་རྣམས་ནི་བཞི་ཁྲི་ལྔ་སྟོང་དྲུག་བརྒྱ་དང་ལྔ་བཅུའོ། ༡༦ རུ་བེན་གྱི་སྒར་ལས་གྲངས་བརྩིས་པའི་མི་ཐམས་ཅད་ནི་རང་གི་ཚོགས་རྣམས་བཞིན་དུ་འབུམ་གཅིག་ལྔ་ཁྲི་གཅིག་སྟོང་བཞི་བརྒྱ་ལྔ་བཅུའོ། འགྲོ་དུས་སུ་དེ་དག་ནི་གཉིས་པ་ཡིན།
༡༧ དེའི་འོག་ཏུ་འདུན་མའི་གུར་མཆོག་འགྲོ་ཞིང་ལེ་ཝི་པ་རྣམས་ཀྱི་སྒར་ནི་སྒར་རྣམས་ཀྱི་དཀྱིལ་དུ་ཡོད་དེ། ཇི་ལྟར་སྒར་འདེབས་པ་དེ་ལྟར་རེ་རེ་རང་གི་གྲལ་ལ་དར་པོ་ཆེ་རྣམས་བཞིན་དུ་འགྲོ་བར་དགོས་སོ༎
༡༨ ནུབ་ཕྱོགས་སུ་རང་གི་ཚོགས་རྣམས་བཞིན་དུ་ཨེབ་ར་ཨིམ་གྱི་སྒར་གྱི་དར་པོ་ཆེ་དང་། ཨེབ་ར་ཨིམ་གྱི་བུ་རྣམས་ཀྱི་སྡེ་དཔོན་ཨམ་མི་ཧུད་ཀྱི་བུ་ཨེ་ལི་ཤ་མཱ་དང་། ༡༩ དེའི་ཚོགས་དང་གྲངས་བརྩིས་པའི་མི་རྣམས་བཞི་ཁྲི་ལྔ་བརྒྱའོ། ༢༠ ཡང་དེ་རྣམས་དང་སྒྲིག་སྟེ་སྡེ་མ་ན་ཤེ་དང་། མ་ན་ཤེའི་བུ་རྣམས་ཀྱི་སྡེ་དཔོན་ཕེ་དཱ་ཚུར་གྱི་བུ་ག་མ་ལི་ཨེལ་དང་། ༢༡ དེའི་ཚོགས་དང་གྲངས་བརྩིས་པའི་མི་རྣམས་སུམ་ཁྲི་ཉིས་སྟོང་ཉིས་བརྒྱའོ། ༢༢ ཡང་སྡེ་བེན་ཡ་མིན་དང་བེན་ཡ་མིན་གྱི་བུ་རྣམས་ཀྱི་སྡེ་དཔོན་གིད་ཨོ་ནི་ཡི་བུ་ཨ་བི་དན་དང་། ༢༣ དེའི་ཚོགས་དང་གྲངས་བརྩིས་པ་རྣམས་ནི་སུམ་ཁྲི་ལྔ་སྟོང་བཞི་བརྒྱའོ། ༢༤ ཨེབ་ར་ཨིམ་གྱི་སྒར་ལས་གྲངས་བརྩིས་པའི་མི་ཐམས་ཅད་ནི་རང་གི་ཚོགས་རྣམས་བཞིན་དུ་འབུམ་གཅིག་བརྒྱད་སྟོང་དང་བརྒྱའོ། དེ་དག་ནི་གསུམ་པ་ཡིན་ཏེ་འགྲོ་བར་དགོས་སོ༎
༢༥ བྱང་ཕྱོགས་སུ་རང་གི་ཚོགས་རྣམས་བཞིན་དུ་དཱན་གྱི་སྒར་གྱི་དར་པོ་ཆེ་དང་། དཱན་གྱི་བུ་རྣམས་ཀྱི་སྡེ་དཔོན་ཨམ་མི་ཤད་ད་ཨི་ཡི་བུ་ཨ་ཧི་ཨེ་ཟེར་དང་། ༢༦ དེའི་ཚོགས་དང་གྲངས་བརྩིས་པའི་མི་རྣམས་ནི་དྲུག་ཁྲི་ཉིས་སྟོང་དང་བདུན་བརྒྱའོ། ༢༧ ཡང་དེ་རྣམས་དང་སྒྲིག་སྟེ་སྡེ་ཨ་ཤེར་དང་། ཨ་ཤེར་གྱི་བུ་རྣམས་ཀྱི་སྡེ་དཔོན་ཨོག་རན་གྱི་བུ་ཕ་གི་ཨེལ་དང་། ༢༨ དེའི་ཚོགས་དང་གྲངས་བརྩིས་པའི་མི་རྣམས་བཞི་ཁྲི་གཅིག་སྟོང་ལྔ་བརྒྱའོ། ༢༩ ཡང་སྡེ་ནབ་ཐ་ལི་དང་ནབ་ཐ་ལི་ཡི་བུ་རྣམས་ཀྱི་སྡེ་དཔོན་ཨེ་ནན་གྱི་བུ་ཨ་ཀི་རཱ་དང་། ༣༠ དེའི་ཚོགས་དང་གྲངས་བརྩིས་པའི་མི་རྣམས་ལྔ་ཁྲི་སུམ་སྟོང་བཞི་བརྒྱའོ། ༣༡ དཱན་གྱི་སྒར་ལས་གྲངས་བརྩིས་པའི་མི་ཐམས་ཅད་ནི་འབུམ་གཅིག་ལྔ་ཁྲི་བདུན་སྟོང་དྲུག་བརྒྱའོ། དེ་དག་མདུང་དར་རྣམས་བཞིན་དུ་གཞུག་ལ་འགྲོ་བར་དགོས་སོ༎
༣༢ ཨིས་ར་ཨེལ་གྱི་བུ་རྣམས་ལས་ཕའི་ཁང་པ་རྣམས་བཞིན་དུ་གྲངས་བརྩིས་པ་རྣམས་ཤེ་ན་རང་གི་ཚོགས་བཞིན་དུ་སྒར་རྣམས་ལས་གྲངས་བརྩིས་པ་ཐམས་ཅད་ནི་དྲུག་འབུམ་སུམ་སྟོང་ལྔ་བརྒྱ་ལྔ་བཅུ་ཡིན་ནོ། ༣༣ འོན་ཀྱང་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་སྩལ་པ་བཞིན་དུ་ཨིས་ར་ཨེལ་གྱི་བུ་རྣམས་ལས་ལེ་ཝི་པ་རྣམས་ཀྱི་གྲངས་མ་བརྩིས་སོ༎
༣༤ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་དེ་ལྟར་བྱས་ཤིང་ཡ་ཧོ་ཝཱས་མོ་ཤེ་ལ་ཅི་དང་ཅི་བཀའ་གནང་བ་བཞིན་དུ་དེ་དག་གི་དར་པོ་ཆེ་ལ་བལྟས་ཤིང་གུར་ཕུབ་པ་དང་། མི་རེ་རེ་རང་གི་རིགས་བརྒྱུད་དང་ཕའི་ཁང་པའི་རིམ་པ་བཞིན་དུ་དོང་ངོ་༎