༢༦
ཁྱེད་ཀྱིས་སྐུ་འདྲ་རྣམས་མ་བྱེད། བཙོག་སྐུའམ་རྡོ་རིང་གང་ཡང་མ་འཛུགས་ཤིག ཁྱེད་ཀྱི་ཡུལ་ན་ཕྱག་འབུལ་བའི་ཕྱིར་རྡོ་སྐུ་གང་ཡང་མ་སྒྲེང་། ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་པའི་ཕྱིར་རོ།  ངའི་ཤབ་བཱད་རྣམས་སྲུང་ལ། ངའི་གནས་དམ་པ་ལ་བསྙེན་བཀུར་བྱོས་ཤིག ང་ནི་ཡ་ཧོ་ཝཱ་ཡིན་ནོ༎
 གལ་ཏེ་ཁྱེད་ཅག་གིས་ངའི་སྤྱད་མཚམས་རྣམས་བཞིན་དུ་འགྲུལ་ཞིང་། ངའི་བཀའ་ཁྲིམས་རྣམས་སྲུང་ཞིང་དེ་བཞིན་དུ་བྱེད་ན།  ངས་ནི་ཁྱེད་ལ་ཆར་དུས་སུ་ཆར་པ་རྣམས་སྟེར་བ་དང་། ས་གཞིས་རང་གི་ལོ་ཐོག་དང་། ས་གཞིའི་རྩི་ཤིང་གིས་རང་གི་འབྲས་བུ་སྟེར་བར་འགྱུར་རོ།  རྒུན་འབྲུམ་བསྡུ་བའི་དུས་ཀྱི་བར་དུ་གཡུལ་ཁ་གཅོག་པར་འགྱུར། ཡང་རྒུན་འབྲུམ་བསྡུ་བའི་དུས་ཀྱི་བར་དུ་ས་བོན་འདེབས་པར་འགྱུར། ཁྱེད་ཀྱི་ཁ་ཟས་འགྲང་བ་ཙམ་དུ་ཟ་བ་དང་། ཁྱེད་ཀྱི་ཡུལ་ན་བདེ་བར་གནས་པར་འགྱུར་རོ།  ཡང་ངས་ཁྱེད་ཀྱི་ཡུལ་དུ་བདེ་བའི་དུས་སྟེར་བས་གཉིད་ལོག་པའི་དུས་སུ་མི་སུས་ཀྱང་ཁྱེད་འཇིགས་འཇུག་མི་ཡོང་། ཡང་ངས་ཁྱེད་ཀྱི་ཡུལ་ནས་གཅན་གཟན་རྣམས་མེད་པར་བྱ། རལ་གྲི་ཡང་ཁྱེད་ཀྱི་ཡུལ་ལ་རྒྱུ་བར་མི་འགྱུར་རོ།  ཡང་ཁྱེད་ཀྱིས་དགྲ་རྣམས་དེད་དེ། དེ་དག་རལ་གྲིའི་ཁ་ཡིས་ཁྱེད་ཀྱི་མདུན་དུ་འགྱེལ་ཡོང་།  ཁྱེད་ལས་མི་ལྔས་མི་བརྒྱ་འདེད་པ་དང་། ཁྱེད་ལས་མི་བརྒྱས་མི་ཁྲི་གཅིག་འདེད་ཅིང་། དགྲ་རྣམས་ཁྱེད་ཀྱི་མདུན་དུ་རལ་གྲིའི་ཁས་འགྱེལ་བར་འགྱུར་རོ།  ཡང་ངས་ཁྱེད་ཀྱི་ཕྱོགས་བྱེད་ཅིང་ཁྱེད་ཀྱི་བརྒྱུད་སྤེལ་ཞིང་ཤིན་དུ་སྤེལ་བ་དང་། ཁྱེད་རྣམས་དང་བྱས་པའི་ཁ་ཆད་བརྟན་པོར་བྱེད་པར་འགྱུར་རོ། ༡༠ ཡང་ཁྱེད་ཀྱིས་ནམ་ནས་བསགས་པའི་རྙིང་པ་དེ་ཟ་བ་དང་། གསར་པ་བྱུང་བས་རྙིང་པ་འདོན་པར་འགྱུར། ༡༡ ཡང་ངའི་བཞུགས་གནས་ཁྱེད་ཀྱི་དཀྱིལ་དུ་འཛུགས་པ་དང་། ངའི་སེམས་ཀྱིས་ཁྱེད་ཁྱད་དུ་མི་གསོད། ༡༢ ང་ཁྱོད་རྣམས་ཀྱི་ནང་ན་འགྲོ་ཞིང་ཁྱེད་ཀྱི་དཀོན་མཆོག་ཡིན་པ་དང་། ཁྱེད་ངའི་མི་སྡེ་ཡིན་པར་འགྱུར་རོ། ༡༣ ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་ཏེ། ཁྱེད་ཀྱིས་དེ་དག་ལ་ཚེ་གཡོག་མི་བྱེད་པའི་ཕྱིར་ངས་ཁྱེད་མི་སེར་ཡུལ་གྱི་ཕྱི་རོལ་དུ་ཁྲིད་དེ། ཁྱོད་ཀྱི་གཉའ་ཤིང་གི་བང་ཐག་བཅད་ནས་ཐེར་ལངས་ཏེ་འགྲུལ་བར་བྱས་སོ༎
༡༤ འོན་ཀྱང་ཁྱེད་ངའི་ཁ་ལ་མི་ཉན་ཞིང་ངའི་སྤྱད་མཚམས་རྣམས་བཞིན་དུ་བྱེད་པར་མི་དགའ་ན། ༡༥ ངའི་ཚུལ་ཁྲིམས་རྣམས་སྤངས་ཏེ། ཁྱེད་ཀྱི་སེམས་ཀྱིས་ངའི་ཁྲིམས་རྣམས་ཁྱད་དུ་སད་དེ་ངའི་བཀའ་བཞིན་དུ་མི་བྱེད་པར་ངའི་ཞལ་ཆད་གཅོག་ན། ༡༦ ངས་ཁྱོད་ཅག་ལ་ལན་འཇལ་བ་འདི་ལྟ་སྟེ། ངས་ཁྱེད་ལ་དངང་སྐྲག་དང་གཅོང་ནད་དང་ཚད་པའི་ནད་འབེབས་པ་དེས་ཁྱེད་ཀྱི་མིག་རྣམས་མེད་པར་བྱེད་པ་དང་ཁྱོད་ཀྱི་སེམས་ཉམས་པ་དང་། ཁྱེད་ཀྱིས་ས་བོན་དོན་མེད་པར་འདེབས་པ་དང་། ཁྱེད་ཀྱི་དགྲ་རྣམས་ཀྱིས་འབྲས་བུ་ཟ་བར་འགྱུར་རོ། ༡༧ ཡང་ངས་ཁྱེད་ལ་རྒོལ་བས་ཁྱོད་ཅག་གི་དགྲ་རྣམས་ཀྱིས་ཁྱོད་འཕམ་པར་བྱེད་དེ། ཁྱེད་ལ་དགྲ་བྱེད་པའི་མི་རྣམས་ཀྱིས་ཁྱེད་ལ་དབང་བྱེད་ཅིང་། མི་སུས་ཀྱང་ཁྱེད་མི་དེད་ཀྱང་ཁྱེད་འབྲོས་པར་འགྱུར་རོ། ༡༨ ཡང་གལ་ཏེ་བྱ་བ་དེ་དག་གི་རྐྱེན་གྱིས་ངའི་ཁ་ལ་ཉན་མི་ཡོང་ན། ངས་ཁྱེད་ཀྱི་སྡིག་པའི་ཕྱིར་བདུན་ལྡབ་དྲག་པོར་འཇུན་པར་བྱ། ༡༩ ངས་ཁྱེད་ཀྱི་སྟོབས་ཀྱི་ང་རྒྱལ་གཅོག་ཅིང་། ཁྱེད་ཀྱི་ནམ་མཁའ་ལྕགས་དང་། ཁྱེད་ཀྱི་ས་གཞི་རག་ལྟར་བྱེད་པས། ༢༠ ཁྱེད་ཀྱིས་དོན་མེད་པར་དཀའ་ལས་བྱེད་ཅིང་ཁྱེད་ཀྱི་ཞིང་གིས་ལོ་ཐོག་ཡང་མི་སྟེར། ས་གཞིའི་བཟའ་ཤིང་ལ་འབྲས་བུ་ཡང་ཆགས་པར་མི་འགྱུར་རོ༎
༢༡ ཡང་གལ་ཏེ་ཁྱེད་ཀྱིས་ང་ལ་རྒོལ་ཞིང་ངའི་ཁ་ལ་ཉན་པར་མི་དགའ་ན། ངས་ཁྱེད་ཀྱི་སྡིག་པ་རྣམས་བཞིན་དུ་ཁྱེད་ལ་བདུན་ལྡབ་རྡུང་ཡོང་། ༢༢ ངས་ཁྱེད་ཀྱི་ཐོག་ཏུ་ས་གཞིའི་གཅན་གཟན་རྣམས་བཏང་བས་དེ་དག་གིས་ཁྱེད་ཀྱི་ཕྲུ་གུ་རྣམས་འཕྲོག་ཅིང་འཁྱེར་བ་དང་། ཁྱེད་ཀྱི་ལུག་ཕྱུགས་གསོད་པ་དང་། ཁྱེད་ཀྱི་གྲངས་ཉུང་བར་བྱེད་པའི་ཕྱིར་ཁྱེད་ཀྱི་ལམ་སྲང་རྣམས་འཇིག་པར་བྱའོ༎
༢༣ ཡང་གལ་ཏེ་བྱ་བ་དེ་དག་གི་རྐྱེན་གྱིས་མི་འགྱུར་ཞིང་ང་ལ་ལོག་པར་བྱེད་ན། ༢༤ ངས་ཀྱང་ཁྱེད་ལ་ལོག་པར་བྱེད་ཅིང་། ངས་ཁྱེད་ཀྱི་སྡིག་པའི་ཕྱིར་བདུན་ལྡབ་ཁྱེད་ལ་རྡུང་བར་བྱའོ། ༢༥ ཡང་ངའི་ཞལ་ཆད་ཀྱི་ཕྱིར་ལན་འཇལ་བའི་རལ་གྲི་དེ་ནི་ཁྱེད་ཀྱི་ཐོག་ཏུ་གཏང་བས་ཁྱེད་ཚོ་རང་གི་གྲོང་ཁྱེར་རྣམས་ནང་ཚོགས་པ་དང་། ངས་ཁྱེད་ཀྱི་དཀྱིལ་དུ་རིམས་ནད་གཏང་ཞིང་། ཁྱེད་ཀྱི་དགྲ་རྣམས་ཀྱི་ལག་ཏུ་གཏོང་བར་བྱའོ། ༢༦ ངས་ཁྱོད་རྣམས་ཀྱི་ཟ་རྒྱུའི་གཏད་སོ་མེད་པར་བྱེད་དུས་སུ། བུད་མེད་བཅུས་ཁྱེད་ཀྱི་བག་ལེབ་ཐབ་གཅིག་གི་ནང་ན་བཙོས་ནས་ཁྱེད་ཀྱི་བག་ལེབ་དེ་བསྐུར་ཏེ་ཁྱེད་ལ་བཏང་བས་ཁྱེད་ཀྱིས་ཟ་ཡང་འགྲང་བར་མི་འགྱུར་རོ༎
༢༧ ཡང་གལ་ཏེ་བྱ་བ་དེ་རྣམས་ཀྱི་རྐྱེན་གྱིས་ངའི་བཀའ་ལ་མི་ཉན་ཞིང་ང་ལ་ལོག་པར་བྱེད་ན། ༢༨ ངས་ཀྱང་ཁྲོ་གཏུམ་ནང་ཁྱེད་ལ་ལོག་པར་བྱེད་ཅིང་། ཁྱེད་ཀྱི་སྡིག་པའི་ཕྱིར་བདུན་ལྡབ་འཇུན་པར་བྱའོ། ༢༩ ཁྱེད་ཀྱིས་རང་གི་བུ་རྣམས་ཀྱི་ཤ་ཟ་བར་འགྱུར། བུ་མོ་རྣམས་ཀྱི་ཤ་ཡང་ཟ་བར་འགྱུར་རོ། ༣༠ ཡང་ངས་ཁྱེད་ཀྱི་མཐོ་གླིང་རྣམས་མེད་པར་བྱེད་དེ། ཉི་མའི་སྐུ་འདྲ་རྣམས་རྩད་ནས་གཅོད་ཅིང་། ཁྱེད་ཀྱི་ལྷ་རྟེན་རྣམས་ཀྱི་རོའི་སྟེང་དུ་ཁྱེད་རང་གི་རོ་རྣམས་དབྱུག་པ་དང་། ངའི་ཐུགས་ཀྱིས་ཁྱེད་ལ་ཞེན་ལོག་པར་འགྱུར་རོ། ༣༡ ཡང་ངས་ཁྱེད་ཀྱི་གྲོང་ཁྱེར་རྣམས་སྟོངས་པར་བྱེད་དེ། ཁྱེད་ཀྱི་གནས་དམ་པ་རྣམས་འཇིག་པ་དང་། ཁྱེད་ཀྱི་དྲི་ཞིམ་སྣུམ་པར་དགའ་མི་ཡོང་། ༣༢ ཡང་ངས་ཡུལ་འཇིག་པར་བྱ་སྟེ། དེ་རུ་ཁྱེད་ཀྱི་དགྲ་གནས་པ་རྣམས་ཀྱིས་ཀྱང་ཡ་མཚན་བྱེད་པར་འགྱུར་རོ། ༣༣ ཁྱོད་ཅག་ནི་ངས་མི་བརྒྱུད་རྣམས་ཀྱི་ནང་དུ་ཁྲེ་འཐོར་བྱེད་དེ། ཁྱེད་ཀྱི་རྒྱབ་ཏུ་ངས་རལ་གྲི་གདེང་བས། ཁྱེད་ཀྱི་ཡུལ་ནི་མྱ་ངམ་ལྟར་དང་། ཁྱེད་ཀྱི་གྲོང་ཁྱེར་རྣམས་སྟོངས་པའི་གནས་སུ་འགྱུར་ཡོང་།
༣༤ དེ་ནས་ཡུལ་གྱིས་རང་གི་ཤབ་བཱད་རྣམས་ལ་དགའ་ཞིང་། ཡུལ་བཞིག་པ་དང་ཁྱེད་ནི་དགྲ་རྣམས་ཀྱི་ཡུལ་ན་མ་གནས་པའི་བར་དུ་ཡུལ་ངལ་གསོ་ཞིང་ཤབ་བཱད་རྣམས་རྩི་བར་འགྱུར། ༣༥ ཡུལ་སྟོངས་ཡོད་རིང་ངལ་གསོ་བར་འགྱུར། ཇི་ལྟར་ཁྱེད་དེ་ན་གནས་པའི་དུས་སུ་ཤབ་བཱད་རྣམས་ལ་ངལ་མ་སོས་སོ། ༣༦ ཡང་ཁྱེད་ཀྱི་ལྷག་ལུས་རྣམས་ལ་བརྟེན་ནས་ངས་དགྲ་རྣམས་ཀྱི་ཡུལ་རྣམས་ལ་གནས་པ་དག་ལ་སྙིང་ཉམས་ཆུང་བ་ཞིག་བསྟེར་ནས། རླུང་གིས་དེད་པའི་ལོ་མའི་སྐད་ཀྱིས་འཇིགས་ཤིང་རལ་གྲི་ནས་འབྲོས་པ་ལྟར་འབྲོས། མི་སུས་ཀྱང་མི་འདེད་ཀྱང་ལྟུང་། ༣༧ མི་སུས་ཀྱང་མི་འདེད་ཀྱང་རལ་གྲིས་རྡུང་བ་ལྟར་གཅིག་གི་སྟེང་དུ་གཅིག་གི་འགྱེལ་ཞིང་། ཁྱེད་ཀྱི་དགྲ་རྣམས་ཀྱི་མདུན་དུ་འགྲེང་བའི་སྙིང་སྟོབས་འཆོར་བར་འགྱུར་རོ། ༣༨ ཡང་ཁྱེད་མི་བརྒྱུད་རྣམས་ཀྱི་ནང་ནས་མེད་པར་འགྱུར། ཁྱེད་ཀྱི་དགྲ་རྣམས་ཀྱིས་ཁྱེད་ཟ་བར་འགྱུར་རོ། ༣༩ ཡང་ཁྱེད་ཀྱི་ནང་ནས་ལུས་པ་རྣམས་རང་གི་ཉེས་པའི་རྐྱེན་གྱིས་ཁྱེད་ཀྱི་དགྲ་རྣམས་ཀྱི་ཡུལ་གྱི་ནང་ན་འཕུང་བར་འགྱུར། དེ་དག་གི་མེས་པོ་རྣམས་ཀྱི་ཉེས་པའི་རྐྱེན་གྱིས་འཕུང་བར་འགྱུར་རོ༎
༤༠ དེ་ནས་དེ་དག་གིས་རང་གི་ཉེས་པ་དང་། རང་གི་ཕ་མེས་ཀྱིས་ང་ལ་བྱས་པའི་ཉེས་པ་དང་། ང་ལ་ཡང་རྒོལ་བའི་སྤྱོད་ངན་བྱས་པའི་ཕྱིར་མཐོལ་བཤགས་བྱེད་པར་འགྱུར། ༤༡ ངས་ཀྱང་དེ་དག་ལ་རྒོལ་བའི་སྤྱོད་པ་བྱས་ཏེ་ཁོ་རྣམས་ཀྱི་དགྲ་ཚོའི་ཡུལ་དུ་ཁྲིད་པ་ཡིན། ད་དེ་དག་རང་གིས་མ་བཏུལ་བའི་སེམས་སྒྱུར་ཞིང་འདུལ་བ་དང་རང་གི་ཉེས་པའི་ཆད་པ་འཁུར་ན། ༤༢ ངས་ཡ་ཀོབ་དང་བྱས་པའི་ཞལ་ཆད་དང་། ཨི་སཱག་དང་བྱས་པའི་ཞལ་ཆད་དང་། ཨབ་ར་ཧམ་དང་བྱས་པའི་ཞལ་ཆད་དྲན་ཏེ། ཡུལ་ཡང་དྲན་པར་བྱའོ། ༤༣ ཡང་དེ་དག་གིས་བཞག་པའི་ཡུལ་སྟོང་པ་ཡོད་པའི་ཚེ་ཡུལ་ནི་ཤབ་བཱད་རྣམས་ལ་དགའ་བ་དང་། དེ་དག་གིས་ཉེས་པའི་ཆད་པ་འཁྱེར་བར་འགྱུར་རོ། གང་ཉེས་པ་ཞེ་ན། དེ་དག་གིས་ངའི་བཀའ་ཁྲིམས་ལ་བརྙས་ཤིང་དེ་དག་གི་སེམས་ཀྱིས་ངའི་སྤྱད་མཚམས་རྣམས་ལ་ཁྱད་དུ་སད་པ་དེ་ཡིན་ནོ། ༤༤ འོན་ཀྱང་དེ་ལྟར་ཡོད་ཀྱང་དེ་དག་དགྲ་རྣམས་ཀྱི་ཡུལ་ན་ཡོད་པའི་ཚེ་ངས་དེ་དག་ཡོངས་སུ་རྩད་ནས་གཅོད་ཅིང་། ངས་དེ་དག་དང་བྱས་པའི་ཞལ་ཆད་གཅོག་པ་ཙམ་གྱིས་དེ་དག་ལ་ཁྱད་དུ་སོད་པར་མི་བྱའོ། ང་ནི་ཡ་ཧོ་ཝཱ་དེ་དག་གི་དཀོན་མཆོག་ཡིན་པའི་ཕྱིར་རོ། ༤༥ ང་དེ་དག་གི་མེས་པོ་རྣམས་ཀྱི་དཀོན་མཆོག་ཡིན་པས། དེ་དག་མི་བརྒྱུད་རྣམས་ཀྱི་མཐོང་ངོར་མི་སེར་ཡུལ་གྱི་ཕྱི་རོལ་དུ་ཁྲིད་ནས། ངས་དེ་དག་གི་དོན་དུ་མེས་པོ་རྣམས་དང་བྱས་པའི་ཞལ་ཆད་དྲན་པར་བྱའོ། ང་ནི་ཡ་ཧོ་ཝཱ་ཡིན་ནོ་ཞེས་གསུངས་སོ། ༤༦ འདི་དག་ནི་ཡ་ཧོ་ཝཱ་ཉིད་དང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་བར་ལ་རི་སི་ནཱ་རུ་མོ་ཤེའི་ལག་གིས་གཏན་ལ་ཕབ་པའི་སྤྱད་མཚམས་དང་ཁྲིམས་དང་བཀའ་ཁྲིམས་རྣམས་སོ༎