༢༥
ཡང་ཡ་ཧོ་ཝཱས་རི་སི་ནཱ་རུ་མོ་ཤེ་ལ་འདི་སྐད་དུ། ༢ ཨིས་ར་ཨེལ་གྱི་བུ་རྣམས་ལ་སྨྲོས་ཤིག ངས་ཁྱོད་ཅག་ལ་གཏོང་བར་བྱ་བའི་ཡུལ་དུ་འཇུག་པའི་ཚེ་ན་ཡུལ་གྱིས་ཡ་ཧོ་ཝཱའི་ཕྱིར་ཤབ་བཱད་སྲུང་བར་དགོས། ༣ ལོ་དྲུག་གི་བར་དུ་ཁྱོད་ཀྱིས་ཞིང་ལ་ས་བོན་འདེབས་པ་དང་། ལོ་དྲུག་གི་བར་དུ་རྒུན་ཚལ་སྒོར་ཞིང་དེའི་ལོ་ཐོག་སྡུ་བར་བྱོས་ཤིག ༤ འོན་ཀྱང་ལོ་བདུན་པར་ཡ་ཧོ་ཝཱ་ལ་རྟེན་པའི་ཤབ་བཱད་ཅེ་ན་ཡུལ་གྱི་ཕྱིར་ངལ་གསོ་བའི་ཤབ་བཱད་ཅིག་སྲུང་བར་དགོས་ཤིང་། ཞིང་ལ་ས་བོན་འདེབས་པ་དང་། རྒུན་ཚལ་སྒོར་བར་མི་རུང་ངོ་། ༥ རང་བཞིན་ལ་སྐྱེས་པའི་ལོ་ཐོག་ཀྱང་མ་སྡུ། མ་སྒོར་པའི་རྒུན་ཤིང་གི་རྒུན་འབྲུམ་ཡང་མ་བསྡུ། ཡུལ་གྱི་ཕྱིར་ངལ་གསོ་བའི་ལོ་ཞིག་ཡིན་པར་དགོས་སོ། ༦ ཡང་ཤབ་བཱད་ཀྱི་ལོ་དེ་ནི་ཁྱེད་ཀྱི་ཁ་ཟས་ཀྱི་ཕྱིར་ཡོད་དེ། ཁྱོད་རང་དང་། གཡོག་པོ་གཡོག་མོ་དང་། གླ་པ་དང་། འགྲོན་པོ་ཁྱོད་དང་མཉམ་དུ་གནས་པ་དང་། ༧ ཁྱོད་ཀྱི་དུད་འགྲོ་དང་། ཡུལ་ན་ཡོད་པའི་སེམས་ཅན་རྣམས་ཀྱི་ཕྱིར་ཡུལ་གྱི་ལོ་ཐོག་དེ་ཁ་ཟས་སུ་ཡོད་པར་དགོས་སོ༎༨ ཡང་ཁྱོད་ཀྱིས་ཤབ་བཱད་ཀྱི་ལོ་བདུན་ཞེ་ན། ལོ་བདུན་ནི་བདུན་འགྱུར་རྩི་བར་དགོས་པ་དེ་ལོ་བཞི་བཅུ་ཞེ་དགུ་རུ་ཡིན་ནོ། ༩ ཡང་ཟླ་བ་བདུན་པའི་ཚེས་བཅུ་པར་ཆོས་དུང་འབུད་དུ་ཆུག སྡིག་བཤགས་བྱེད་པའི་ཉིན་པར་ཁྱེད་ཀྱི་ཡུལ་ཐམས་ཅད་ལ་ཆོས་དུང་འབུད་དུ་ཆུག་ཅིག ༡༠ ཡང་ལོ་ལྔ་བཅུ་པ་དམ་པར་སྲུང་ཞིག་དང་། ཡུལ་ན་ཡོད་པའི་མི་ཐམས་ཅད་ལ། རང་དབང་བྱུང་ཅེས་སྒྲོགས་ཤིག དེ་ཅིའི་ཕྱིར་ཞེ་ན། ཆོས་དུང་འབུད་པའི་ལོ་ཡིན་པས་ཁྱེད་ཀྱིས་ཕྱིར་ལོག་ཅིང་མི་རེ་རང་གི་ནོར་སྐལ་དང་། མི་རེ་རང་གི་བརྒྱུད་དུ་ཚུར་ལོག་པའི་རིགས་སོ། ༡༡ ལོ་ལྔ་བཅུ་པ་ཁྱེད་ཀྱི་ཕྱིར་དུང་འབུད་པའི་ལོ་ཞིག་ཡིན་པར་དགོས། ས་བོན་འདེབས་པ་དང་། རང་བཞིན་གྱིས་སྐྱེས་པ་བསྡུ་བ་དང་། མ་སྒོར་པའི་རྒུན་ཤིང་ལས་འབྲས་བུ་བསྡུ་བར་མི་རུང་ངོ་། ༡༢ དེ་ཅིའི་ཕྱིར་ཞེ་ན། ཆོས་དུང་འབུད་པའི་ལོ་ཡིན་ཏེ་ཁྱེད་ཀྱི་ཕྱིར་དམ་པ་ཡིན་པར་རུང་བ་དང་། རང་བཞིན་གྱིས་ཞིང་ལ་སྐྱེས་པའི་ལོ་ཐོག་ཟ་བར་དགོས་པའི་ཕྱིར་རོ༎
༡༣ དུང་འབུད་པའི་ལོ་འདི་ལ་ཁྱེད་ཚོའི་ནང་ནས་རེ་རང་གི་ནོར་སྐལ་དུ་ཕྱིར་ལོག་པར་དགོས་སོ། ༡༤ ཡང་གལ་ཏེ་ཁྱིམ་མཚེས་ལ་རྫས་ཤིག་འཚོང་བའམ། ཁྱིམ་མཚེས་ཀྱི་ལག་ནས་རྫས་ཤིག་ཉོ་ན། གཅིག་གིས་གཅིག་ལ་དྲང་པོ་བྱེད་པར་དགོས། ༡༥ དུང་འབུད་པའི་ལོ་ནས་བཟུང་སྟེ་ལོ་རྣམས་ཀྱི་གྲངས་བཞིན་དུ་ཁྱིམ་མཚེས་ནས་ཉོ་བ་དང་། ལོའི་སྟོན་ཐོག་རྣམས་ཀྱི་གྲངས་བཞིན་དུ་མི་དེས་ཁྱེད་ལ་འཚོང་བར་དགོས། ༡༦ ལོ་རྣམས་ཀྱི་མང་གྲངས་བཞིན་དུ་དེའི་རིན་སྤེལ་བ་དང་། ལོ་རྣམས་ཀྱི་ཉུང་གྲངས་བཞིན་དུ་དེའི་རིན་འཕྲི་བར་དགོས། གང་ལ་ཞེ་ན། ལོ་ཐོག་གི་གྲངས་ཁྱེད་ལ་བཙོངས་པའི་ཕྱིར་རོ། ༡༧ ཡང་ཁྱེད་ལས་མི་གང་གིས་ཀྱང་ཁྱིམ་མཚེས་པ་མ་ནོན་ཞིག་ཁྱེད་ཀྱི་དཀོན་མཆོག་ལ་འཇིགས་པར་དགོས་སོ། ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་པའི་ཕྱིར་རོ༎
༡༨ དེ་བས་ན་ཁྱེད་ཡུལ་ན་དལ་བར་གནས་པའི་ཕྱིར་ངའི་སྤྱད་མཚམས་རྣམས་བཞིན་དུ་བྱེད་པ་དང་། ངའི་བཀའ་ཁྲིམས་རྣམས་སྲུང་ཞིང་དེ་བཞིན་དུ་བྱེད་པར་དགོས་སོ། ༡༩ ཡང་ས་གཞི་ནི་རང་གི་འབྲས་བུ་སྐྱེད་ཅིང་། ཁྱེད་འགྲང་བ་ཙམ་དུ་ཟ་ཞིང་བདེ་བར་དེ་ན་གནས་འགྱུར་རོ། ༢༠ ཡང་གལ་ཏེ་ཁྱེད་ཀྱིས་འདི་སྐད་དུ། ལོ་བདུན་པར་ས་བོན་མ་བཏབ་སྟེ་ལོ་ཐོག་མ་བསྡུས། ཅི་ཟ་ཡོང་ཞེས་སྨྲ་ན། ༢༡ ངས་རང་གི་བྱིན་རླབས་ཁྱེད་ལ་ལོ་དྲུག་པ་ལ་གཏོང་ཞིང་། ལོ་གསུམ་གྱི་སྟོན་ཐོག་སྟེར་བར་འགྱུར་རོ། ༢༢ ཡང་ལོ་བརྒྱད་པ་ལ་ས་བོན་འདེབས་པའི་དུས་ལ་སྔོན་མའི་ལོ་ཐོག་ལས་ཟ་ཡོང་། ལོ་དགུ་པའི་སྟོན་ཐོག་མ་བྱུང་བའི་བར་དུ་སྔོན་མ་ལས་ཟ་བར་འགྱུར་རོ༎
༢༣ ཡང་དུས་རྒྱུན་གྱི་ཕྱིར་ས་ཆ་འཚོང་བར་མི་རུང་ངོ་། ཅི་ལ་ཞེ་ན། ས་གཞི་ནི་ངའི་ཡིན་པས་ཁྱེད་ནི་ངའི་མདུན་དུ་གནས་པའི་འགྲོན་པོ་དང་ཕྱི་མི་རྣམས་ཡིན་པའི་ཕྱིར་རོ། ༢༤ ཡང་ཁྱེད་ལ་ནོར་སྐལ་དུ་ཐོབ་པའི་ཡུལ་ཀུན་ཏུ་ས་ཆ་བླུ་བའི་སྐབས་གཏོང་བར་དགོས། ༢༥ གལ་ཏེ་ཁྱེད་ཀྱི་སྤུན་དབུལ་པོར་གྱུར་པས་རང་གི་ནོར་སྐལ་ལས་ས་ཆ་ཞིག་བཙོངས་ནས། ཁོའི་གཉེན་རྣམས་ལས་ཉེ་བ་ཡིན་པ་དེས་བླུ་བའི་ཕྱིར་ཡོང་སྟེ། སྤུན་གྱིས་བཙོངས་པ་དེ་བླུ་བར་དགོས་སོ། ༢༦ ཡང་གལ་ཏེ་མི་ཞིག་ལ་བླུ་མཁན་མེད་པས་ཁོ་རང་ཕྱུག་པོ་སོང་སྟེ་བླུ་བའི་ནོར་རྙེད་ན། ༢༧ བཙོངས་པ་ནས་བཟུང་སྟེ་ལོ་རྣམས་ཀྱི་གྲངས་རྩིས་ནས་སུ་ལ་བཙོངས་པའི་མི་དེ་ལ་ལྷག་ལུས་ཕྱིར་ལོག་ནས་རང་གི་ནོར་སྐལ་ཕྱིར་ཐོབ་པར་དགོས་སོ། ༢༨ ཇི་སྟེ་མི་དེས་རིན་ཕྱིར་ལོག་པ་གཏོང་བ་ཙམ་རྙེད་པར་མི་ནུས་ན། བཙོངས་པའི་ས་ཆ་དེ་ནི་ཉོས་པའི་མིའི་ལག་པ་རུ་དུང་འབུད་པའི་ལོའི་བར་དུ་ལུས་པའི་རིགས་སོ། དུང་འབུད་པའི་ལོ་རུ་རང་དབང་བར་གྱུར་པས་རང་གི་ནོར་གྱི་བདག་པོར་འགྱུར་དགོས།
༢༩ གལ་ཏེ་མི་ཞིག་གིས་གྲོང་ཁྱེར་ལྕགས་རིས་བསྐོར་བ་ན་ཡོད་པའི་གནས་ཁང་ཞིག་འཚོང་ན། བཙོངས་པ་ནས་བཟུང་སྟེ་ལོ་ཧྲིལ་པོ་ཅིག་གི་བར་དུ་བླུ་བར་སྲིད་པ་དང་། ལོ་གཅིག་གི་བར་དུ་བླུ་བའི་སྐབས་ཡོད་པར་རུང་ངོ་། ༣༠ ཇི་སྟེ་ལོ་ཚང་མ་མ་འདས་པའི་སྔོན་དུ་མི་བླུ་ན་གྲོང་ཁྱེར་ལྕགས་རིས་བསྐོར་བ་ན་ཡོད་པའི་ཁང་པ་དེ་ནི་ཉོས་པའི་མིའི་ལག་ཏུ་རང་གི་བུ་བརྒྱུད་ཀྱི་བར་དུ་ལུས་པར་བྱ། དུང་འབུད་པའི་ལོ་རུ་ཡང་འབུད་པར་མི་འགྱུར་རོ། ༣༡ འོན་ཀྱང་ཡུལ་ཚོ་ལྕགས་རིས་མ་བསྐོར་བའི་ཁང་པ་རྣམས་ཡུལ་གྱི་ཞིང་ལྟར་རྩི་ཞིང་བླུ་བར་སྲིད་པས་དུང་འབུད་པའི་ལོ་ནང་འབུད་པར་དགོས་སོ། ༣༢ འོན་ཀྱང་ལེ་ཝི་པ་རྣམས་ཀྱི་གྲོང་ཁྱེར་རྣམས་ཟེར་ན། དེ་དག་གི་ནོར་སྐལ་གྱི་གྲོང་ཁྱེར་གྱི་ཁང་པ་རྣམས་ལ་བརྟེན་ནས་ལེ་ཝི་པ་རྣམས་དུས་ནམ་ཡང་བླུ་བར་སྲིད་པའི་རིགས་སོ། ༣༣ ཡང་གལ་ཏེ་ལེ་ཝི་པ་རྣམས་ལས་མི་སུས་ཀྱང་མི་བླུ་ན། བཙོངས་པའི་ཁང་པ་དང་དེའི་ནོར་སྐལ་ལ་གཏོགས་པའི་གྲོང་ཁྱེར་དུང་འབུད་པའི་ལོ་རུ་རང་དབང་བར་འགྱུར། གང་ལ་ཞེ་ན། ལེ་ཝི་པ་རྣམས་ཀྱི་གྲོང་ཁྱེར་གྱི་ཁང་པ་ཨིས་ར་ཨེལ་གྱི་བུ་དག་གི་ནང་ན་ཡོད་པ་རྣམས་དེ་དག་གི་ནོར་སྐལ་ཡིན་པའི་ཕྱིར་རོ། ༣༤ ཡང་དེ་དག་གི་གྲོང་ཁྱེར་རྣམས་ཀྱི་ཡུལ་འཁོར་གྱི་ཞིང་དེ་དག་ལ་དུས་རྒྱུན་དུ་ཡོད་པའི་ནོར་སྐལ་ཡིན་པས་འཚོང་བར་མི་རུང་ངོ་༎
༣༥ ཡང་གལ་ཏེ་ཁྱེད་ཀྱི་སྤུན་དབུལ་པོར་གྱུར་ནས་ཁྱོད་ཀྱི་དོན་དུ་རང་གི་ལག་པས་ནོར་རྙེད་པར་མི་ནུས་ན། ཕྱི་མི་དང་འགྲོན་པོ་ལྟ་བུར་དེ་ལ་ར་མདའ་བྱོས་དང་། ཁྱོད་དང་མཉམ་དུ་འཚོ་བར་དགོས་སོ། ༣༦ མི་དེ་ལས་སྐྱེད་དང་ཤོགས་མ་ལེན་པར་ཁྱེད་ཀྱི་དཀོན་མཆོག་ལ་འཇིགས་ཤིག་དང་། ཁྱོད་ཀྱི་སྤུན་ཁྱོད་དང་མཉམ་པོ་འཚོ་ཡོང་། ༣༧ ཁྱོད་ཀྱི་དངུལ་མི་དེ་ལ་སྐྱེད་ལ་གཏོང་བར་མི་དགོས། ཁྱོད་ཀྱི་ཟ་རྒྱུ་སྐྱེད་ལ་མ་སྟེར་ཞིག ༣༨ ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཁྱེད་ལ་ཀ་ན་ཨན་ཡུལ་བསྟེར་བ་དང་། ཁྱེད་ཀྱི་དཀོན་མཆོག་ཡིན་པའི་ཕྱིར། མི་སེར་ཡུལ་གྱི་ནང་ནས་ཕྱི་རོལ་དུ་ཁྲིད་པ་ཡིན།
༣༩ ཡང་གལ་ཏེ་ཁྱོད་དང་མཉམ་དུ་ཡོད་པའི་སྤུན་དབུལ་པོར་གྱུར་པས་རང་གི་ལུས་ཁྱོད་ལ་འཚོང་ན། ཁྱོད་ཀྱིས་གཉའ་ཡལ་གྱི་ལས་རྣམས་དེ་ལ་འགེལ་བར་མི་རུང་གི། ༤༠ གླ་པ་དང་འགྲོན་པོ་ལྟར་ཁྱོད་དང་མཉམ་དུ་སྡོད་ཅིང་དུང་འབུད་པའི་ལོ་མ་འབབ་པའི་བར་དུ་ཁྱོད་ལ་གཡོག་བྱེད་པར་དགོས། ༤༡ དེ་ནས་དེ་རང་དང་དེའི་ཕྲུ་གུ་རྣམས་ཐར་ཏེ་ཁྱོད་ཀྱི་ཁང་པ་ནས་འཐོན་པར་ནུས། རང་གི་རིགས་བརྒྱུད་དུ་ཕྱིར་ལོག་ཅིང་རང་གི་ཕ་མེས་ཀྱི་ནོར་སྐལ་ཚུར་རྙེད་པར་རུང་ངོ་། ༤༢ དེ་ཅིའི་ཕྱིར་ཞེ་ན། ངས་མི་སེར་ཡུལ་གྱི་ཕྱི་རོལ་དུ་ཁྲིད་པ་རྣམས་ནི་ངའི་བྲན་རྣམས་ཡིན་པས། གཉའ་ཡལ་འཚོང་བ་ལྟར་དེ་དག་འཚོང་བར་མི་རུང་བའི་ཕྱིར་རོ། ༤༣ དེ་དག་ལ་དྲག་པོར་དབང་མ་བྱེད། ཁྱེད་ཀྱི་དཀོན་མཆོག་ལ་འཇིགས་པར་དགོས་སོ། ༤༤ འོན་ཀྱང་ཁྱེད་ལ་ཡོད་པའི་གཉའ་ཡལ་དང་གཉའ་ཡལ་མོ་རྣམས་ནི་ཁྱེད་ཀྱི་མཐའ་འཁོར་ལ་ཡོད་པའི་མི་བརྒྱུད་རྣམས་ལས་ཚེ་གཡོག་དང་ཚེ་གཡོག་མོ་རྣམས་ཉོ་བའི་རིགས་སོ། ༤༥ ཡང་ཁྱེད་ཀྱི་ནང་ན་གནས་པའི་ཕྱི་མི་ཚོའི་བུ་རྣམས་དང་། དེ་དག་གི་རིགས་བརྒྱུད་ཁྱེད་ཀྱི་ནང་ན་ཡོད་པ་དང་ཁྱེད་ཀྱི་ཡུལ་ན་སྐྱེས་པ་དེ་ལས་ཚེ་གཡོག་རྣམས་ཉོ་ཆོག དེ་དག་ཁྱེད་ལ་ཡོད་པར་རུང་ངོ་། ༤༦ དེ་དག་ཁྱེད་ཀྱི་བུ་རྣམས་ལ་བདོག་པའི་ཕྱིར་ཁྱེད་ཀྱིས་བུ་རྣམས་ལ་དེ་དག་ནོར་སྐལ་དུ་སྟེར་བ་དང་། དུས་རྒྱུན་དུ་དེ་དག་ཚེ་གཡོག་ལ་འཛིན་པའི་རིགས་སོ། འོན་ཀྱང་ཁྱེད་ཀྱི་སྤུན་ཨིས་ར་ཨེལ་གྱི་བུ་རྣམས་ལས་གཅིག་གིས་གཅིག་ལ་དྲག་པོར་དབང་བྱེད་པར་མི་རུང་ངོ་༎
༤༧ ཡང་གལ་ཏེ་ཁྱེད་ཀྱི་ནང་ན་འགྲོན་པོའམ་ཕྱི་མི་ཞིག་ཕྱུག་པོར་གྱུར་བ་དང་། ཁྱོད་དང་འགྲོགས་པའི་སྤུན་དབུལ་པོར་གྱུར་པས་རང་གི་ལུས་ཁྱོད་དང་མཉམ་དུ་ཡོད་པའི་འགྲོན་པོའམ་ཕྱི་མི་ཡང་ན་ཕྱི་མིའི་བརྒྱུད་ལས་ཆད་པའི་བུ་ཞིག་ལ་འཚོང་ན། ༤༨ རང་གི་ལུས་བཙོངས་ཟིན་པ་དེ་བླུ་བར་སྲིད་པས་སྤུན་རྣམས་ལས་གཅིག་གིས་དེ་བླུ་བ་སྲིད་དོ། ༤༩ ཁུ་བོའམ་ཁུ་བོའི་བུ་ཡིས་མི་དེ་བླུ་བའམ། དེའི་བརྒྱུད་ལས་གཉེན་ཉེ་བ་ཡིན་པས་མི་དེ་བླུ་བའམ། མི་དེ་རང་ཕྱུག་པོར་གྱུར་ན་རང་བླུ་བའི་རིགས་སོ། ༥༠ མི་དེས་རང་གི་ལུས་བཙོངས་པའི་ལོ་ནས་བཟུང་སྟེ་དུང་འབུད་པའི་ལོའི་བར་དུ་ཁོ་ཉོས་པའི་མི་དང་རྩིས་བྱེད་དགོས། འཚོང་རིན་ནི་ལོ་རྣམས་ཀྱི་གྲངས་དང་། གླ་པས་ལས་བྱེད་པའི་དུས་བཞིན་དུ་ཁོ་དང་མཉམ་དུ་བྱེད་པར་དགོས་སོ། ༥༡ གལ་ཏེ་ལོ་མང་པོ་ད་རུང་ལུས་ཡོད་ན། ལོ་དེ་རྣམས་བཞིན་དུ་འཚོང་རིན་ལས་བླུ་རིན་ཕྱིར་ཟློག་གཏོང་བར་བྱ། ༥༢ དུང་འབུད་པའི་ལོའི་བར་དུ་ལོ་ཉུང་བ་ལུས་ན་དེ་བཞིན་དུ་རྩིས་བྱེད་ཅིང་། ལོའི་གྲངས་བཞིན་དུ་བླུ་རིན་ཕྱིར་ཟློག་དགོས་སོ། ༥༣ ལོ་རེ་བཞིན་གླ་ཆད་བཞག་པའི་གླ་པ་ལྟར་དེ་ཡང་བྱེད་དགོས། ཁྱོད་ཀྱི་མཐོང་ངོར་དེས་མི་དེ་ལ་དྲག་པོར་དབང་བྱེད་དུ་མ་ཆུག ༥༤ ཡང་གལ་ཏེ་ཚུལ་དེ་བཞིན་དུ་བླུ་མི་ཡོང་ན་དུང་འབུད་པའི་ལོ་རུ་མི་དེ་རང་གི་ཕྲུ་གུ་རྣམས་དང་བཅས་པ་རང་དབང་བའི་རིགས་སོ། ༥༥ དེ་ཅི་ལ་ཞེ་ན། ཨིས་ར་ཨེལ་གྱི་བུ་རྣམས་ངའི་ཕྱིར་གཡོག་པོ་ཡིན། ངས་མི་སེར་ཡུལ་གྱི་ཕྱི་རོལ་ཏུ་ཁྲིད་པའི་གཡོག་པོ་རྣམས་ངའི་ཡིན་པའི་ཕྱིར་རོ། ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་ནོ༎