༢༤
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ།  ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག ཁ་སྐྱུར་པོའི་འབྲས་བུའི་སྣུམ་ལེགས་པར་བརྡུངས་པ་མར་མེའི་སྟེགས་བུ་ལ་མར་མེ་རྟག་ཏུ་སྦར་བའི་ཕྱིར་ཁྱེར་ཤོག  འདུན་མའི་གུར་མཆོག་ནང་དཔང་པོའི་ཡོལ་བའི་ཕྱི་ལོགས་ལ་ཨ་རོན་གྱིས་དགོངས་མོ་ནས་སྔ་དྲོའི་བར་དུ་ཡ་ཧོ་ཝཱའི་སྤྱན་སྔར་རྟག་ཏུ་སྒྲིག་པར་དགོས། དེ་ནི་ཁྱེད་ཀྱི་བུ་བརྒྱུད་ཀྱི་ཕྱིར་རྟག་ཏུ་གནས་པའི་སྤྱད་མཚམས་ཡོད་དོ།  སྟེགས་བུ་ལེགས་པ་ལ་ཡ་ཧོ་ཝཱའི་ཞལ་ངོར་རྟག་ཏུ་མར་མེ་རྣམས་སྒྲིག་པར་དགོས་སོ༎
 ཡང་རྒྱ་ཞིབ་བློངས་ལ་དེ་ལས་བག་ལེབ་བཅུ་གཉིས་བཙོས་ཤིག ཨེ་ཕ་བཅུ་ཆ་གཉིས་ལས་བག་ལེབ་གཅིག་ཡོད་པར་དགོས།  ཡང་གྲལ་གཉིས་སུ་སྒྲིག་ལ། གྲལ་རེ་རེ་ལ་དྲུག་དྲུག་གསོལ་ལྕོག་གཙང་བ་ལ་ཡ་ཧོ་ཝཱའི་སྤྱན་སྔར་སྒྲིག་ཅིག  ཡང་གྲལ་རེ་རེའི་སྟེང་དུ་སྤོས་དཀར་དྭངས་མ་འཇོག་ཅིག་དང་། དེ་བག་ལེབ་དང་བཅས་སུ་ཐུགས་དྲན་པའི་རྟགས་དང་ཡ་ཧོ་ཝཱ་ལ་སྦྱིན་སྲེག་ཅིག་ཡོད་པར་བྱའོ།  ཤབ་བཱད་རེ་རེ་ལ་དེ་ཡ་ཧོ་ཝཱའི་སྤྱན་སྔར་རྟག་ཏུ་སྒྲིག་པར་དགོས་ཏེ། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་དོན་དུ་ཞལ་ཆད་འགྱུར་བ་མེད་པ་ཞིག་ཡོད་པར་དགོས་སོ།  དེ་ནི་ཨ་རོན་དང་དེའི་བུ་རྣམས་ཀྱི་ཡིན། དེ་དག་གིས་དེ་གནས་དམ་པ་རུ་ཟ་བར་རུང་ངོ་། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ལ་མེའི་རྐྱེན་གྱིས་མཆོད་པར་ཕུལ་བའི་རྫས་ཀྱི་ནང་ནས་ཀུན་ལས་དམ་པ་ཞིག་ཡིན་པ་དང་དེའི་ཐོབ་སྐལ་དུས་རྒྱུན་དུའོ་ཞེས་གསུངས་སོ༎
༡༠ ཡང་ཨིས་ར་ཨེལ་གྱི་བུད་མེད་དང་མི་སེར་པ་དེ་གཉིས་ཀྱི་བུ་ཞིག་ནི་ཨིས་ར་ཨེལ་པ་རྣམས་ཀྱི་དཀྱིལ་དུ་སོང་ནས། ཨིས་ར་ཨེལ་མའི་བུ་དེས་སྒར་ལ་ཨིས་ར་ཨེལ་པའི་མི་ཞིག་དང་རྩོད་པ་བྱས་སོ། ༡༡ ཡང་ཨིས་ར་ཨེལ་པའི་བུད་མེད་ཀྱི་བུས་མཚན་དམ་པ་ལ་སྐུར་པ་བཏབ་ནས་སྨོན་ལོག་བཏབ་པས། དེ་དག་གིས་མི་དེ་མོ་ཤེའི་དྲུང་དུ་ཁྲིད་དོ། དཱན་གྱི་སྡེའི་དིབ་རཱིའི་བུ་མོ་ཤེ་ལོ་མིད་ནི་དེའི་མའི་མིང་ངོ་། ༡༢ ཡང་དེ་དག་ལ་ཡ་ཧོ་ཝཱའི་ཞལ་ནས་ཞལ་གདམས་མ་བྱུང་བའི་བར་དུ་མི་དེ་བཙོན་དུ་བཅུག་གོ། ༡༣ དེའི་ཚེ་ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ། ༡༤ སྨོན་ལོག་འདེབས་མཁན་དེ་སྒར་གྱི་ཕྱི་རོལ་ཏུ་ཁྲིད་དང་། ཐོས་མཁན་ཐམས་ཅད་ཀྱིས་རང་གི་ལག་པ་དེའི་མགོ་ལ་བཞག་ནས། ཚོགས་ཐམས་ཅད་ཀྱིས་རྡོ་རུབ་ལ་བཏང་སྟེ་གསོད་པར་དགོས། ༡༥ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག དཀོན་མཆོག་ལ་སྨོན་ལོག་འདེབས་མཁན་གྱི་ཉེས་པ་ནི་ཁོ་རང་ལ་འཕོག་པར་འགྱུར། ༡༦ ཡང་ཡ་ཧོ་ཝཱའི་མཚན་ལ་སྐུར་པ་བཏབ་པའི་མི་ནི་སྲོག་དང་འཕྲལ་བར་དགོས་སོ། ཕྱི་མིའམ་གཞིས་སྐྱེས་གང་ཡིན་ཀྱང་ཚོགས་ཐམས་ཅད་ཀྱིས་མི་དེ་རྡོ་རུབ་ལ་བཏང་སྟེ་གསོད་པར་དགོས། མཚན་ལ་སྐུར་པ་བཏབ་པའི་མི་འཆི་བར་དགོས་སོ། ༡༧ ཡང་གལ་ཏེ་མི་ཞིག་གིས་མི་གཞན་ཞིག་བསད་ན། མི་དེ་སྲོག་དང་ཕྲལ་བར་དགོས། ༡༨ ཡང་གལ་ཏེ་མི་ཞིག་གིས་དུད་འགྲོ་ཞིག་བསད་ན་དེའི་ཚབ་ལ་སྲོག་ལན་སྲོག་འཇལ་བར་དགོས། ༡༩ ཡང་གལ་ཏེ་མི་ཞིག་གིས་མི་གཞན་ཞིག་གི་ལུས་སྐྱོན་ཅན་བྱེད་ན། མི་དེས་བྱས་པ་བཞིན་དུ་དེ་ལ་ཡང་བྱེད་པར་དགོས་སོ། ༢༠ འདི་ལྟ་སྟེ། བཅག་པའི་ལན་ལ་གཅོག་པ། མིག་ལན་ལ་མིག སོ་ལན་ལ་སོ། ཇི་ལྟར་མི་གཞན་ཞིག་ལུས་སྐྱོན་ཅན་བྱས་པ། དེ་ལྟར་དེ་ལའང་བྱེད་པར་དགོས་སོ། ༢༡ ཡང་མི་སུས་ཀྱང་དུད་འགྲོ་ཞིག་བསད་ན་ཚབ་འཇལ་བར་དགོས། འོན་ཀྱང་མི་ཞིག་བསད་ན་སྲོག་དང་འཕྲལ་བར་དགོས། ༢༢ ཕྱི་མི་དང་གཞིས་སྐྱེས་ལ་རྟེན་ནས་ཁྲིམས་གཅིག་པ་ཁྱེད་ལ་ཡོད་པར་དགོས། ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ༎
༢༣ ཡང་མོ་ཤེས་ཨིས་ར་ཨེལ་གྱི་བུ་རྣམས་ལ་གཏམ་སྨྲས་པ་དང་། སྨོན་ལོག་འདེབས་མཁན་དེ་སྒར་གྱི་ཕྱི་རོལ་དུ་ཁྲིད་ནས་རྡོ་རུབ་ལ་བཏང་སྟེ་བསད་དོ། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་སྩལ་པ་བཞིན་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་བྱས་སོ༎