༢༣
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ།  ཨིས་ར་ཨེལ་གྱི་བུ་རྣམས་ལ་སྨྲོས་ཤིག ཁྱེད་ཀྱིས་སྒྲོག་དགོས་པའི་འདུན་མ་དམ་པ་རྣམས་ཟེར་ན། ཡ་ཧོ་ཝཱའི་དུས་ཆེན་རྣམས་ནི་ང་ལ་རྟེན་པའི་དུས་ཆེན་རྣམས་ཡིན་ནོ།  ཞག་དྲུག་གི་བར་དུ་ལས་བྱེད་པར་དགོས། འོན་ཀྱང་ཞག་བདུན་པ་ནི་ངལ་གསོ་བའི་དུས་ཆེན་ཡིན་ཞིང་འདུན་མ་དམ་པ་ཡིན་པས། ལས་གང་ཡང་བྱེད་པར་མི་རུང་སྟེ་ཁྱེད་ཀྱི་གནས་ཚང་ཐམས་ཅད་ན་ཡ་ཧོ་ཝཱའི་ཕྱིར་ཤབ་བཱད་ཡིན་ནོ།  ཡ་ཧོ་ཝཱའི་དུས་ཆེན་དང་འདུན་མ་དམ་པ་རྣམས་རེ་རང་གི་དུས་ཚོད་ལ་ཁྱེད་ཀྱིས་སྒྲོག་པར་དགོས་པ་འདི་དག་གོ།
 ཟླ་བ་དང་པོའི་ཚེས་བཅུ་བཞི་པ་ལ་དགོངས་མོའི་དུས་སུ་ཡ་ཧོ་ཝཱའི་ཕྱིར་པེ་སག་ཡིན་ནོ།  ཡང་ཟླ་བ་དེ་ཉིད་ཀྱི་ཚེས་བཅོ་ལྔ་པ་ལ་ཡ་ཧོ་ཝཱའི་ཕྱིར་སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་ཡིན་ཏེ། ཞག་བདུན་གྱི་བར་དུ་སྐྱུར་རྩི་མེད་པའི་བག་ལེབ་ཟ་བར་རུང་ངོ་།  ཞག་དང་པོ་ལ་ཁྱེད་ལ་འདུན་མ་དམ་པ་ཡིན་ཏེ་འཇིག་རྟེན་གྱི་ལས་གང་ཡང་མ་བྱེད་ཅིག  འོན་ཀྱང་ཡ་ཧོ་ཝཱ་ལ་ཞག་བདུན་གྱི་བར་དུ་སྦྱིན་སྲེག་རྣམས་འབུལ་བར་དགོས་སོ། ཞག་བདུན་པར་འདུན་མ་དམ་པ་ཡོད་པས་འཇིག་རྟེན་གྱི་ལས་གང་ཡང་མ་བྱེད་ཅིག་ཅེས་གསུངས་སོ༎
 ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༡༠ ཨིས་ར་ཨེལ་གྱི་བུ་རྣམས་ལ་སྨྲོས་ཤིག ངས་ཁྱོད་རྣམས་ལ་སྟེར་འོང་བའི་ཡུལ་གྱི་ནང་དུ་འཇུག་པའི་ཚེ། ལོ་ཐོག་བསྡུ་བའི་སྐབས་སུ་སྔར་བསྡུས་པའི་ཆག་པ་བླ་མའི་དྲུང་དུ་ཁྱེར་ཤོག ༡༡ ཁྱེད་ལ་ཐུགས་རྗེས་གཟིགས་པ་ཐོབ་པའི་ཕྱིར་དེས་ནི་ཆག་པ་དེ་ཡ་ཧོ་ཝཱའི་དྲུང་དུ་ཕར་ཚུར་གཡོ་ཞིང་། ཤབ་བཱད་ཀྱི་ཕྱི་ཉིན་ལ་བླ་མས་གཡོ་བར་དགོས། ༡༢ ཡང་ཆག་པ་ཕར་ཚུར་གཡོ་བའི་ཉིན་དུ་ཁྱོད་ཚོས་ལུག་སྐྱོན་མེད་ལོ་གཅིག་པ་ཡ་ཧོ་ཝཱའི་ཕྱིར་སྦྱིན་སྲེག་ཏུ་དང་། ༡༣ ཞལ་ཟས་ཟེར་ན། རྒྱ་ཞིབ་ཨེ་ཕ་བཅུ་ཆ་གཉིས་སྣུམ་དང་འདྲེས་པ་ཡ་ཧོ་ཝཱའི་ཕྱིར་མེའི་རྐྱེན་གྱིས་ཕུལ་བ་དྲི་བསུང་ཐུགས་དགྱེས་པ་ཞིག་དང་། གསེར་སྐྱེམས་ནི་རྒུན་ཆང་ཧིན་གྱི་བཞི་ཆ་གཅིག་འབུལ་བར་དགོས་སོ། ༡༤ ཡང་ཉིན་དེ་ཉིད་ཀྱི་བར་དུ་ཁྱེད་ཀྱིས་དཀོན་མཆོག་ལ་མཆོད་པ་མ་ཕུལ་བའི་སྔོན་དུ་བག་ལེབ་བམ་ཡོས་སམ་སྲུས་ཟ་བར་མི་རུང་ངོ་། དེ་ནི་ཁྱེད་ཀྱི་བུ་བརྒྱུད་ཀྱི་ཕྱིར་ཁྱེད་ཀྱི་གནས་ཚང་ཐམས་ཅད་དུ་སྲུང་བྱའི་སྤྱད་མཚམས་མི་འགྱུར་བ་ཞིག་ཡིན་ནོ༎
༡༥ ཡང་ཤབ་བཱད་ཀྱི་ཕྱི་ཉིན་ཞེ་ན་ཕར་ཚུར་གཡབ་པའི་ཆག་པ་ཕུལ་བའི་ཉིན་ནས་བདུན་ཕྲག་བདུན་ཧྲིལ་པོ་རྩི་བར་དགོས། ༡༦ ཤབ་བཱད་བདུན་པའི་ཕྱི་ཉིན་གྱི་བར་དུ་ཞག་ལྔ་བཅུ་རྩི་སྟེ་ཞལ་ཟས་གསར་པ་ཞིག་ཡ་ཧོ་ཝཱ་ལ་ཕུལ་ཞིག ༡༧ ཁྱེད་རྣམས་ཀྱི་གནས་ཚང་རྣམས་ནས་ཕར་ཚུལ་གཡོ་བའི་བག་ལེབ་གཉིས་འབུལ་བ་དེ་ནི་རྒྱ་ཞིབ་ཨེ་ཕ་བཅུ་ཆ་གཉིས་ནས་བྱས་པ་གཉིས་ཡིན་ཏེ། སྐྱུར་རྩི་དང་ལྡན་པར་གཡོས་ནས་ཡ་ཧོ་ཝཱའི་ཕྱིར་ཐོག་ཕུད་དུ་འབུལ་བར་དགོས་སོ། ༡༨ ཡང་བག་ལེབ་དང་མཉམ་དུ་ལུག་གུ་བདུན་སྐྱོན་མེད་ལོ་གཅིག་པ་དང་གླང་གཞོན་པ་གཅིག་དང་ལུག་ཐུག་གཉིས་འབུལ་དགོས། དེ་དག་ནི་ཡ་ཧོ་ཝཱའི་ཕྱིར་སྦྱིན་སྲེག་དང་དེ་དང་མཉམ་དུ་འབུལ་བའི་ཞལ་ཟས་དང་གསེར་སྐྱེམས་མེའི་རྐྱེན་གྱིས་མཆོད་པར་ཕུལ་བ་ནི་ཡ་ཧོ་ཝཱའི་ཕྱིར་དྲི་བསུང་ཐུགས་མཉེས་པ་ཞིག་ཡོད་པར་དགོས་སོ། ༡༩ ཡང་སྡིག་པའི་ཕྱིར་ར་ཐུག་ཅིག་དང་། ཞི་བདེའི་མཆོད་པ་ལ་ལུག་གུ་ལོ་གཅིག་པ་གཉིས་འབུལ་བར་དགོས་སོ། ༢༠ ཡང་བླ་མས་དེ་དག་ཐོག་ཕུད་ཀྱི་བག་ལེབ་རྣམས་དང་ལུག་གུ་གཉིས་དང་མཉམ་དུ་ཡ་ཧོ་ཝཱའི་ཕྱིར་ཕར་ཚུར་གཡབ་པའི་མཆོད་པར་གཡབ་ནས། ཡ་ཧོ་ཝཱའི་ཕྱིར་དམ་པར་བྱས་པ་ཡིན་པས་བླ་མ་ལ་ཐོབ་པར་དགོས་སོ། ༢༡ ཡང་ཉིན་དེ་རང་དུ་ཁྱོད་རྣམས་ཀྱིས་སྒྲོག་པར་དགོས། འདུན་མ་དམ་པ་ཞིག་བྱེད་པ་དང་། འཇིག་རྟེན་གྱི་ལས་གང་ཡང་བྱེད་པར་མི་རུང་ངོ་། དེ་ནི་གནས་ཚང་ཐམས་ཅད་ལ་ཁྱེད་ཀྱི་བུ་བརྒྱུད་རྣམས་ཀྱི་ཕྱིར་སྤྱད་མཚམས་མི་འགྱུར་བ་ཞིག་ཡོད་པར་དགོས་སོ༎
༢༢ ཡང་ཁྱེད་ཀྱི་ཡུལ་གྱི་ལོ་ཐོག་རྔ་བའི་ཚེ། ཞིང་གི་གྲུ་རྣམས་ནས་ཡོངས་སུ་མ་རྔ་། ལོ་ཐོག་གི་ཡང་ཤུལ་ཡང་སྡུ་བར་མི་རུང་ངོ་། དབུལ་པོ་དང་ཕྱི་མིའི་ཕྱིར་བཞག་པར་དགོས་སོ། ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་ནོ་ཞེས་གསུངས་སོ༎
༢༣ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༢༤ ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག ཟླ་བ་བདུན་པའི་ཚེས་དང་པོ་ལ་ངལ་གསོ་བའི་ཉི་མ་ཡིན་ཏེ་དུང་འབུད་པ་དྲན་པའི་ཕྱིར་འདུན་མ་དམ་པ་ཞིག་ཡོད་པར་དགོས་སོ། ༢༥ འཇིག་རྟེན་གྱི་ལས་གང་ཡང་མ་བྱེད་དེ་ཡ་ཧོ་ཝཱའི་ཕྱིར་སྦྱིན་སྲེག་འབུལ་བར་དགོས་སོ་ཞེས་གསུངས་སོ༎
༢༦ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༢༧ འོན་ཀྱང་ཟླ་བ་བདུན་པའི་ཚེས་བཅུ་པ་ལ་སྡིག་བཤགས་མཛད་པའི་ཉིན་མོ་ཡིན་པས། འདུན་མ་དམ་པ་བྱེད་ཅིང་ཁྱེད་ཀྱི་སེམས་ལ་སྡུག་པོ་གཏོང་ཞིང་ཡ་ཧོ་ཝཱ་ལ་སྦྱིན་སྲེག་ཅིག་འབུལ་བར་དགོས་སོ། ༢༨ ལས་གང་ཡང་ཉིན་དེ་ཉིད་དུ་མ་བྱེད་ཅིག དེ་ཅིའི་ཕྱིར་ཞེ་ན། སྡིག་བཤགས་བྱེད་པའི་ཉིན་དེ་རང་ལ་ཁྱེད་ཚོ་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་དང་སྡུམ་པར་བྱེད་པའི་ཕྱིར་རོ། ༢༩ འོན་ཀྱང་ཉིན་དེ་རང་ལ་སེམས་ལ་སྡུག་པོ་གཏོང་མི་གཏོང་བ་སུ་ཡིན་ཡང་དེ་རང་གི་བུ་བརྒྱུད་ཀྱི་ནང་ནས་རྩད་ནས་གཅོད་པར་དགོས། ༣༠ ཡང་སེམས་གང་གིས་ཀྱང་ཉིན་དེ་ཉིད་དུ་ལས་ཀ་གང་ཡང་བྱེད་པ་དེ་ངས་རང་གི་མི་སྡེའི་དཀྱིལ་ནས་རྩད་ནས་གཅོད་པར་བྱའོ། ༣༡ དེའི་ཕྱིར་ལས་གང་ཡང་མ་བྱེད་ཅིག དེ་ནི་ཁྱེད་ཀྱི་བུ་བརྒྱུད་ནས་བུ་བརྒྱུད་དུ་གནས་ཚང་ཐམས་ཅད་ལ་སྤྱད་མཚམས་འགྱུར་བ་མེད་པ་ཞིག་ཡིན་པར་བྱའོ། ༣༢ ཉིན་དེ་རང་ཁྱེད་ཀྱི་ཕྱིར་ངལ་གསོ་བའི་ཤབ་བཱད་དམ་པ་ཞིག་ཡིན་ཏེ་ཁྱེད་རང་གི་སེམས་ལ་སྡུག་ཐོང་ཞིག ཟླ་བ་དེའི་ཚེས་དགུ་པའི་དགོངས་མོ་ནས་དགོངས་མོའི་བར་དུ་ཤབ་བཱད་སྲུང་བར་དགོས་སོ། ཞེས་གསུངས་སོ༎
༣༣ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༣༤ ཨིས་ར་ཨེལ་གྱི་བུ་རྣམས་ལ་སྨྲོས་ཤིག ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་ལོ་མའི་སྤྱིལ་བུའི་དུས་ཆེན་ཡིན་པ་དེ་ཡ་ཧོ་ཝཱའི་ཕྱིར་ཞག་བདུན་གྱི་བར་དུ་བྱེད་པར་དགོས། ༣༥ ཞག་དང་པོ་ལ་འདུན་མ་ཡིན་ཞིང་འཇིག་རྟེན་གྱི་ལས་གང་ཡང་བྱེད་པའི་མི་རིགས་སོ། ༣༦ ཞག་བདུན་གྱི་བར་དུ་ཡ་ཧོ་ཝཱ་ལ་སྦྱིན་སྲེག་འབུལ་བར་དགོས། ཞག་བརྒྱད་པ་ལ་འདུན་མ་དམ་པ་ཡིན་ཏེ་ཡ་ཧོ་ཝཱ་ལ་སྦྱིན་སྲེག་འབུལ་བར་དགོས་སོ༎
༣༧ དེ་ནི་ཡ་ཧོ་ཝཱའི་དུས་ཆེན་རྣམས་ཡིན་ཏེ། འདུན་མ་དམ་པ་རྣམས་སྒྲོག་པ་དང་ཡ་ཧོ་ཝཱ་ལ་མེའི་རྐྱེན་གྱིས་འབུལ་བའི་མཆོད་པ་རྣམས་ཟེར་ན་སྦྱིན་སྲེག་དང་ཞལ་ཟས་དང་དམར་མཆོད་དང་གསེར་སྐྱེམས་རེ་རང་གི་ཉིན་མོ་ལ་འབུལ་བ་རྣམས་སོ། ༣༨ དེ་རྣམས་མ་གཏོགས་པར་ཡ་ཧོ་ཝཱའི་ཤབ་བཱད་རྣམས་དང་ཁྱེད་ཚོའི་འབུལ་བ་རྣམས་དང་། ཡ་ཧོ་ཝཱ་ལ་འབུལ་རྒྱུ་ཡིན་པའི་སྡོམ་པ་བླངས་པ་འབུལ་བ་དང་རང་དགར་འབུལ་བ་རྣམས་འབུལ་བར་བྱའོ༎
༣༩ འོན་ཀྱང་ཟླ་བ་བདུན་པའི་ཚེས་བཅོ་ལྔ་པ་ལ་ས་གཞིའི་ལོ་ཐོག་བསྡུ་བའི་ཚེ་ཡ་ཧོ་ཝཱའི་དུས་ཆེན་ཞག་བདུན་གྱི་བར་དུ་བྱེད་པར་དགོས་པ་འདི་ཡིན། ཞག་དང་པོ་ལ་ངལ་གསོ་བའི་ཉིན་མོ་ཡང་ཡིན། ཞག་བདུན་པ་ལ་ཡང་ངལ་གསོ་བའི་ཉིན་མོ་ཡིན་ནོ། ༤༠ ཡང་ཞག་དང་པོ་ལ་ལྗོན་ཤིང་གི་འབྲས་བུ་དང་ཁ་ཟུར་གྱི་ལོ་མ་དང་ཤིང་ལོ་མ་ཅན་དང་ལྕང་མའི་ཡལ་ག་བློངས་ལ་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་ཞལ་ངོར་ཞག་བདུན་གྱི་བར་དུ་དགའ་མགུ་རང་ཞིག ༤༡ ཡང་ལོ་རེ་བཞིན་དུ་ཉིན་ཞག་བདུན་གྱི་བར་དུ་ཁྱེད་ཚོས་ཡ་ཧོ་ཝཱའི་དུས་ཆེན་བྱོས་ཤིག དེ་ནི་ཁྱེད་ཀྱི་བུ་བརྒྱུད་ཀྱི་ཕྱིར་སྤྱད་མཚམས་འགྱུར་བ་མེད་པ་ཞིག་ཡིན་ཏེ་ཟླ་བ་བདུན་པ་ལ་དུས་ཆེན་དེ་བྱེད་པར་དགོས། ༤༢ སྤྱིལ་བུའི་ནང་ན་ཞག་བདུན་གྱི་བར་དུ་གནས་ཤིང་། ཨིས་ར་ཨེལ་པ་ཚང་མ་སྤྱིལ་བུའི་ནང་ན་གནས་པར་དགོས་སོ། ༤༣ གང་ལ་ཞེ་ན། ངས་ཨིས་ར་ཨེལ་གྱི་བུ་རྣམས་མི་སེར་ཡུལ་གྱི་ནང་ནས་ཁྲིད་སྐབས་སུ་དེ་དག་སྤྱིལ་བུ་རྣམས་ན་གནས་བཅུག་པ་དེ་ཁྱེད་ཀྱི་བུ་བརྒྱུད་ཀྱིས་ཤེས་པའི་ཕྱིར་རོ། ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་ནོ་ཞེས་གསུངས་སོ༎
༤༤ ཡང་མོ་ཤེས་ཡ་ཧོ་ཝཱའི་དུས་ཆེན་རྣམས་ཨིས་ར་ཨེལ་གྱི་བུ་བརྒྱུད་ལ་བསྟན་ཏོ༎