༢༧
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༢ ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྨྲོས་ཤིག མི་ཞིག་གིས་དམ་བཅའ་པ་ཞིག་སྒྲུབ་ན། ཁྱོད་ཀྱིས་རིན་བཅད་པ་བཞིན་དུ་ཡ་ཧོ་ཝཱ་ལ་མི་དེའི་གོང་ཐང་ཡོད་པར་རུང་ངོ་། ༣ ཡང་ཁྱོད་ཀྱིས་བཅད་པ་བཞིན་དུ་སྐྱེས་པ་ལོ་ཉི་ཤུ་པ་ནས་དྲུག་ཅུ་པའི་བར་དུ་མཆོད་ཁང་གི་དངུལ་སྲང་བཞིན་དུ་དངུལ་སྲང་ལྔ་བཅུ་ཙམ་དུ་རྩི་བར་བྱའོ། ༤ ཡང་གལ་ཏེ་བུད་མེད་ཡིན་ན། ཁྱོད་ཀྱིས་བཅད་པའི་དངུལ་སྲང་སུམ་ཅུ་ཡིན། ༥ ཡང་ལོ་ལྔ་པ་ནས་ཉི་ཤུ་པའི་བར་དུ་ཡིན་ན་ཕོ་ལ་དངུལ་སྲང་ཉི་ཤུ་དང་། མོ་ལ་དངུལ་སྲང་བཅུ་གཅོད་དགོས། ༦ ཡང་ཟླ་བ་གཅིག་སོང་བ་ནས་ལོ་ལྔ་པའི་བར་དུ་བུ་ཞིག་ལ་དངུལ་སྲང་ལྔ་དང་བུ་མོ་ལ་དངུལ་སྲང་གསུམ་གཅོད། ༧ ཡང་ལོ་དྲུག་ཅུ་པ་ནས་བཟུང་སྟེ་ཡན་ཆད་སྐྱེས་པ་ལ་དངུལ་སྲང་བཅོ་ལྔ་དང་། བུད་མེད་ལ་དངུལ་སྲང་བཅུ་རྩིས་ཤིག ༨ ཡང་གལ་ཏེ་མི་དེ་དབུལ་བས་ཁྱོད་ཀྱིས་བཅད་པ་བཞིན་དུ་མི་ནུས་ན། བླ་མའི་མདུན་དུ་ཁྲིད་ལ་བླ་མས་ཚོད་བྱེད་ཅིང་། དམ་བཅས་པ་སྒྲུབ་པའི་མིའི་ལག་པས་ཅི་ནུས་པ་བཞིན་དུ་བླ་མས་གཅོད་པར་དགོས་སོ༎༩ ཡང་ཡ་ཧོ་ཝཱ་ལ་མཆོད་པར་འབུལ་རྒྱུ་ཡིན་པ་དེ་ནི་དུད་འགྲོ་ཞིག་ཡིན་ན། མིས་གང་ཕུལ་བ་ཐམས་ཅད་ཡ་ཧོ་ཝཱའི་ཕྱིར་དམ་པ་ཡོད་པར་དགོས་སོ། ༡༠ སྡེབ་པར་མི་བྱ། བཟང་བའི་ཚབ་ཏུ་ངན་པའམ། ངན་པའི་ཚབ་ཏུ་བཟང་བ་གང་ཡང་སྡེབ་པར་མི་རུང་ངོ་། ཡང་གལ་ཏེ་དུད་འགྲོ་ཞིག་སྡེབ་ན། སྔ་མ་དེ་དང་ཚབ་ཏུ་ཕུལ་བ་གཉིས་པོ་དམ་པ་ཡོད་པར་འགྱུར། ༡༡ ཡང་དུད་འགྲོ་གཙང་བ་མ་ཡིན་པ་ཡ་ཧོ་ཝཱ་ལ་མཆོད་པར་འབུལ་བར་མི་རུང་བ་ཞིག་ཡིན་ན། དུད་འགྲོ་དེ་བླ་མའི་མདུན་དུ་ཁྲིད་ལ། ༡༢ བླ་མས་དེའི་བཟང་ངན་ལ་བལྟས་ཏེ་རིན་བཅད་དེ། བླ་མས་རིན་བཅད་པ་བཞིན་དུ་གནས་པར་འགྱུར། ༡༣ ཡང་གལ་ཏེ་བླུ་བར་དགའ་ན། རིན་བཅད་པའི་རིན་གྱི་ལྔ་ཆ་གཅིག་སྣོན་ཞིག
༡༤ ཡང་གལ་ཏེ་མི་ཞིག་གིས་རང་གི་ཁང་པ་ཡ་ཧོ་ཝཱ་ལ་དམ་པར་བྱེད་ན་བླ་མས་དེའི་བཟང་ངན་ལ་བལྟས་ནས་རིན་བཅད་དེ། བླ་མས་རིན་བཅད་པ་བཞིན་དུ་གནས་པར་དགོས་སོ། ༡༥ ཡང་དམ་བཅའ་བླངས་པའི་མིས་རང་གི་ཁང་པ་བླུ་བར་དགའ་ན། རིན་བཅད་པའི་དངུལ་གྱི་ལྔ་ཆ་གཅིག་བསྣན་ནས་མི་དེ་ལ་གནས་པར་དགོས་སོ༎
༡༦ ཡང་མི་ཞིག་གིས་རང་གི་ནོར་སྐལ་གྱི་ཞིང་ལས་ཆ་ཞིག་ཡ་ཧོ་ཝཱ་ལ་དམ་པར་བྱེད་ན། ས་བོན་གྱི་ཚོད་བཞིན་དུ་རིན་གཅོད་པ་ནི་འདི་ལྟ་སྟེ། ནས་ཀྱི་གོ་མེར་གཅིག་གི་ས་བོན་ལ་དངུལ་སྲང་ལྔ་བཅུའོ། ༡༧ གལ་ཏེ་དུང་འབུད་པའི་ལོ་ནས་བཟུང་སྟེ་ཞིང་ཞིག་དམ་པར་བྱེད་ན་ཁྱོད་ཀྱིས་རྩིས་བྱེད་པ་བཞིན་དུ་ཡོད་པར་དགོས་སོ། ༡༨ ཇི་སྟེ་རྭ་དུང་འབུད་པའི་ལོའི་རྟིང་ནས་རང་གི་ཞིང་དམ་པར་བྱེད་ན། བླ་མས་དུང་འབུད་པའི་ལོའི་བར་དུ་ལྷག་ལུས་ཀྱི་ལོ་རྣམས་ཀྱི་གྲངས་བཞིན་དུ་དངུལ་བརྩིས་ནས་ཁྱོད་ཀྱི་རྩིས་ལས་འཕྲི་བར་དགོས་སོ། ༡༩ ཡང་གལ་ཏེ་ཞིང་དམ་པར་བྱས་པའི་མིས་བླུ་བར་དགའ་ན། ཁྱོད་ཀྱིས་རིན་བཅད་པའི་ལྔ་ཆ་གཅིག་བསྣན་ནས་ཞིང་ཁོ་ལ་གནས་དགོས། ༢༠ ཇི་སྟེ་ཞིང་མ་བླུས་པར་མི་གཞན་ཞིག་ལ་འཚོང་ན་རྗེས་ལ་བླུ་བར་མི་དགོས། ༢༡ ཡང་ཞིང་དེ་ནི་དུང་འབུད་པའི་ལོ་རུ་རང་དབང་བར་གྱུར་ནས་ཡ་ཧོ་ཝཱ་ལ་དམ་པ་ཡོད་པ་དེ་ཕུལ་བའི་ཞིང་དང་འདྲ་བར་འགྱུར་ཞིང་། བླ་མ་ལ་གནས་པར་དགོས་སོ། ༢༢ ཡང་མི་ཞིག་རང་གིས་ཉོས་པའི་ཞིང་ནི་རང་གི་ནོར་སྐལ་ལ་མི་གཏོགས་པ་ཞིག་ཡ་ཧོ་ཝཱ་ལ་དམ་པར་བྱེད་ན། ༢༣ བླ་མས་དུང་འབུད་པའི་ལོའི་བར་དུ་ཁྱོད་ཀྱིས་བརྩིས་པའི་རིན་བཅད་པ་བཞིན་དུ་རྩི་བ་དང་། མི་དེས་དེ་རང་གི་ཉིན་པར་ཁྱོད་ཀྱིས་བརྩིས་པའི་རིན་ཡ་ཧོ་ཝཱ་ལ་དམ་པར་བྱས་པ་དེ་འབུལ་བར་དགོས། ༢༤ དུང་འབུད་པའི་ལོ་ལ་གང་ནས་ཞིང་ཉོས་པའི་མི་དེ་ལ་ཞིང་ཟློག་པར་དགོས། ནོར་སྐལ་དུ་ཡོད་པའི་མི་དེ་ལ་ཟློག་པར་བྱའོ། ༢༥ ཡང་ཁྱོད་ཀྱིས་རྩིས་བྱེད་པ་ཐམས་ཅད་ནི་མཆོད་ཁང་གི་དངུལ་སྲང་བཞིན་དུ་ཞེ་ན། དངུལ་སྲང་གཅིག་ལ་གེ་ར་ཉི་ཤུ་ཡོད་པར་དགོས།
༢༦ དུད་འགྲོ་གང་ལས་ཀྱང་སྔོན་སྐྱེས་ཞིག་ནི་སྔོན་དུ་སྐྱེས་པ་ཡིན་པས། ཡ་ཧོ་ཝཱའི་ཡིན་པས་མི་སུས་ཀྱང་དེ་དམ་པར་བྱེད་པར་མི་རུང་ངོ་། གླང་ཡིན་རུང་ལུག་ཡིན་རུང་ཡ་ཧོ་ཝཱའི་ཡིན་ནོ། ༢༧ ཇི་སྟེ་དུད་འགྲོ་གཙང་བ་མ་ཡིན་པ་རྣམས་ལས་ཡིན་ན། ཁྱེད་ཀྱིས་རིན་གཅོད་པ་བཞིན་དུ་བླུས་ནས་ལྔ་ཆ་གཅིག་སྣོན་པར་དགོས། མི་བླུ་ན་ཁྱོད་ཀྱིས་བཅད་པའི་རིན་ལ་འཚོང་བར་དགོས།
༢༨ ཕུལ་ཚར་བ་གང་ཡང་མི་ཞིག་གིས་རང་གི་ནོར་ཐམས་ཅད་ཅེ་ན། མིའམ་དུད་འགྲོའམ་རང་གི་ནོར་སྐལ་གྱི་ཞིང་ལས་ཡ་ཧོ་ཝཱ་ལ་དམ་པར་བྱས་པ་རྣམས་འཚོང་བའམ་བླུ་བར་མི་རུང་ངོ་། གང་ལ་ཞེ་ན། ཕུལ་ཚར་བ་གང་ཡིན་པ་ཡ་ཧོ་ཝཱ་ལ་ཀུན་ལས་དམ་པ་ཡིན་པའི་ཕྱིར་རོ། ༢༩ མི་རྣམས་ལས་བསྔོས་པ་ཡིན་པའི་མི་ནི་བླུ་བར་མི་དགོས་ཏེ། ཅི་ནས་ཀྱང་དེའི་སྲོག་གཅོད་པར་དགོས།
༣༠ ཡང་ས་གཞིའི་ས་བོན་དང་ཤིང་ཐོག་ལས་ཡུལ་གྱི་བཅུ་ཁག་ཡ་ཧོ་ཝཱའི་ཡིན་པས། ཡ་ཧོ་ཝཱ་ལ་བསྔོས་པ་ཡིན་ནོ། ༣༡ ཡང་གལ་ཏེ་མི་ཞིག་གིས་རང་གི་བཅུ་ཁག་ལས་བླུ་བར་དགའ་ན་དེའི་ལྔ་ཆ་གཅིག་སྣོན་པར་དགོས། ༣༢ ཡང་ལུག་ཕྱུགས་རྫི་བོའི་དབྱུག་པའི་འོག་ཏུ་འགྲོ་བ་ལ་སོགས་པ་ཐམས་ཅད་ཀྱི་བཅུ་ཁག་ཡ་ཧོ་ཝཱ་ལ་སྔོ་བར་དགོས་སོ། ༣༣ དེ་ནི་བཟང་པོའམ་ངན་པ་ཡིན་རྩར་མ་གཅོད་ཅིག ཡང་སྡེབ་པར་ཡང་མི་རུང་ངོ་། གལ་ཏེ་སྡེབ་ན་དེ་རང་དང་ཚབ་ཏུ་ཕུལ་བ་གཉིས་ཀ་དམ་པ་ཡིན་པས་བླུ་བར་མི་རུང་ངོ་ཞེས་གསུངས་སོ༎
༣༤ འདི་དག་ནི་ཡ་ཧོ་ཝཱས་རི་སི་ནཱ་རུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཕྱིར་མོ་ཤེ་ལ་གནང་བའི་བཀའ་བཀོད་པ་རྣམས་ཡིན་ནོ༎ ༎