༢༡
སྔོན་གྱི་གནམ་དང་ས་འདས་ནས། རྒྱ་མཚོའང་མ་ལུས་པས། ངས་གནམ་དང་ས་གསར་པ་ཞིག་མཐོང་བྱུང་ངོ་༎
 དེ་ནས་ངས་གྲོང་ཁྱེར་དམ་པ་ཡེ་རུ་ཤ་ལེམ་གསར་པ་མག་པའི་ཕྱིར་རྒྱན་གྱིས་བརྒྱན་ཏེ་གཟབ་པའི་བག་མ་དང་འདྲ་བར་ནམ་མཁའ་ལས་དཀོན་མཆོག་གི་སྤྱན་སྔ་ནས་འབབ་པ་མཐོང་བྱུང་།  རྒྱལ་ཁྲི་ལས་གསུང་སྐད་ཆེན་པོ་ཞིག་གིས། ད་དཀོན་མཆོག་གི་བཞུགས་གནས་མི་རྣམས་དང་མཉམ་དུ་ཡིན་ཏེ། དཀོན་མཆོག་མི་དང་མཉམ་དུ་བཞུགས་པས། དེ་རྣམས་ཁོང་གི་མི་སྡེ་ལ་འགྱུར་ཞིང་དཀོན་མཆོག་ཁོང་ཉིད་དེ་རྣམས་དང་མཉམ་དུ་བཞུགས་པར་འགྱུར་རོ།  ཁོང་གིས་དེ་རྣམས་ཀྱི་མིག་གི་མཆི་མ་ཐམས་ཅད་འཕྱི་བར་མཛད་དེ། སྔན་ཆད་འདས་པས། ཕྱིན་ཆད་འཆི་བ་དང་། མྱ་ངན་དང་། ངུ་འབོད་དང་། ཟུག་གཟེར་མེད་པར་འགྱུར་ཞེས་གསུང་བ་ངས་ཐོས་བྱུང་།
 རྒྱལ་ཁྲི་ལ་བཞུགས་མཁན་གྱིས་ངས་ཐམས་ཅད་གསར་པ་མཛད་དོ་གསུངས་ཏེ་ང་ལ། བཀའ་འདི་བསླུ་མེད་བདེན་པ་ལགས་པས་བྲིས་ཤིག  བསྒྲུབས་སོ། ང་ནི་ཀ་དང་ཨ། ཐོག་མ་དང་མཐའ་མ་ཡིན། སྐོམ་མཁན་རྣམས་ངས་ཚེའི་ཆུ་མིག་ལས་ངོམ་པར་བྱ་ཞིང་།  འདི་ནི་རྒྱལ་བ་རྣམས་ཀྱི་སྐལ་བར་འགྱུར་ཞིང་། ང་དེ་རྣམས་ཀྱི་དཀོན་མཆོག་དང་དེ་རྣམས་ངའི་སྲས་སུ་འགྱུར་བར་འགྱུར།  འོན་ཀྱང་སྙིང་ཆུང་ངུ་དང་། དད་མེད་དང་། དམེ་བ་དང་། མི་བསད་དང་། གཡེམ་པོ་དང་། སྔགས་པ་དང་། སྐུ་འདྲ་ལ་རྟེན་མཁན་དང་། རྫུན་སྨྲ་མཁན་རྣམས་ཀྱི་སྐལ་བ་ནི་འཆི་བ་གཉིས་པ་ཡིན་པའི་མེ་དང་མུ་ཟིའི་མཚོའི་ནང་ཡོད་དོ། ཞེས་གསུངས་སོ༎
 མཐའ་མའི་ནད་ཡམས་བདུན་གྱིས་གང་བའི་ཕོར་པ་བདུན་ཡོད་པའི་ཕོ་ཉ་བདུན་གྱི་ནང་ནས་གཅིག་གིས་ང་ལ། ཤོག ངས་ཁྱོད་ལ་བག་མའམ་ལུག་གུའི་ལྕམ་མོ་སྟོན་པར་བྱའོ་གསུངས་ནས། ༡༠ ང་ཐུགས་ཉིད་ཀྱི་སྒོ་ནས་རི་མཐོན་པོ་ཞིག་ལ་འཁྲིད་པ་དང་། གྲོང་ཁྱེར་དམ་པ་ཡེ་རུ་ཤ་ལེམ་ནམ་མཁའ་ལས་དཀོན་མཆོག་གི་སྤྱན་སྔ་ནས་འབབ་པ་བསྟན་བྱུང་། ༡༡ དེ་ནི་དཀོན་མཆོག་གི་དཔལ་དང་ལྡན་ཞིང་། དེའི་བཀྲག་མདངས་དྭངས་ཤེལ་ལྟར་དྭངས་པའི་ནོར་བུ་རིན་པོ་ཆེ་དང་འདྲའོ། ༡༢ ལྕགས་རི་ཆེན་པོ་མཐོན་པོ་ཞིག་འདུག་སྟེ། དེ་ལ་རྒྱལ་སྒོ་བཅུ་གཉིས་དང་། རེ་རེ་ལ་ཕོ་ཉ་རེ་དང་། སྟེང་དུ་ཨིས་ར་ཨེལ་པའི་སྡེ་བཅུ་གཉིས་ཀྱི་མིང་བྲིས་ཡོད་དོ། ༡༣ ཤར་ཕྱོགས་སུ་རྒྱལ་སྒོ་གསུམ་དང་། བྱང་ཕྱོགས་སུ་རྒྱལ་སྒོ་གསུམ་དང་། ལྷོ་ཕྱོགས་སུ་རྒྱལ་སྒོ་གསུམ་དང་། ནུབ་ཕྱོགས་སུ་རྒྱལ་སྒོ་གསུམ་མོ། ༡༤ གྲོང་ཁྱེར་གྱི་ལྕགས་རི་ལ་རྩིག་རྨང་བཅུ་གཉིས་འདུག་སྟེ། དེ་རྣམས་ཀྱི་ཁར་ལུག་གུའི་སྐུ་ཚབ་བཅུ་གཉིས་ཀྱི་མཚན་བཅུ་གཉིས་བྲིས་ཡོད་དོ༎
༡༥ ང་དང་གསུང་གླེངས་མཛད་པའི་ཕོ་ཉ་ལ་གྲོང་ཁྱེར་དང་། དེའི་རྒྱལ་སྒོ་རྣམས་དང་། ལྕགས་རི་གཞལ་བའི་ཕྱིར་གསེར་གྱི་དབྱུག་པ་ཡོད་དོ། ༡༦ གྲོང་ཁྱེར་གྲུ་བཞི་ཡིན་ཏེ་རིང་དང་ཞེང་འདྲའོ། ཁོང་གི་དབྱུག་པ་དེ་མཉམ་གྲོང་ཁྱེར་ཚད་བཅལ་ནས་རྒྱང་གྲགས་བཅུ་གཉིས་ཐོན་ཏོ། དེའི་ཞེང་རིང་དང་མཐོ་ཁྱད་འདྲའོ། ༡༧ ལྕགས་རིའང་བཅལ་ནས་ཕོ་ཉའི་ཁྲུ་དོན་དུ་མིའི་ཁྲུ་བརྒྱ་དང་ཞེ་བཞི་ཐོན་ཏོ། ༡༨ ལྕགས་རི་ནོར་བུ་ལས་ཡིན་ཏེ་གྲོང་ཁྱེར་ནི་དྭངས་ཤེལ་ལྟར་གསལ་ཞིང་གསེར་བཙོ་མའོ། ༡༩ གྲོང་ཁྱེར་གྱི་ལྕགས་རིའི་རྩིག་རྨང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ནོ། རྩིག་རྨང་དང་པོ་ནོར་བུ། གཉིས་པ་ཨིནྡྲ་ནཱི་ལ། གསུམ་པ་མུ་མེན། བཞི་པ་མ་རྒད། ༢༠ ལྔ་པ་ནི་མཆོང་། དྲུག་པ་བདྨ་ར་ཀ བདུན་པ་སུན་ནྷ་རི། བརྒྱད་པ་གཡུ། དགུ་པ་ཕུག་རྫ། བཅུ་པ་ཕ་ལམ་སེར་པོ། བཅུ་གཅིག་པ་དབང་སྔོན། བཅུ་གཉིས་པ་ཨིན་ད་སྙིལ་ལོ། ༢༡ རྒྱལ་སྒོ་བཅུ་གཉིས་ནི་མུ་ཏིག་བཅུ་གཉིས་ལས་ཡིན་ཏེ། རྒྱལ་སྒོ་རེ་རེ་མུ་ཏིག་གཅིག་ལས་བཟོས་པའོ། གྲོང་ཁྱེར་གྱི་ལམ་སྲང་རྣམས་ཕྱི་གསལ་ནང་གསལ་མཐོང་བའི་ཤེལ་ལྟ་བུའི་གསེར་བཙོ་མ་ཡིན་ནོ། ༢༢ ངས་དེའི་ནང་ན་མཆོད་ཁང་མ་མཐོང་ངོ་། དེའི་མཆོད་ཁང་ནི་གཙོ་བོ་དཀོན་མཆོག་ཀུན་དབང་དང་ལུག་གུ་ཡིན་ནོ། ༢༣ གྲོང་ཁྱེར་དེ་ལ་དཀོན་མཆོག་གི་གཟི་བརྗིད་ཀྱི་འོད་སྤྲོས་ཏེ། ལུག་གུ་ནི་དེའི་སྣང་གསལ་ལགས་པས། ཉི་མ་དང་ཟླ་བའི་དགོས་པ་མེད་དོ། ༢༤ དེའི་འོད་ལ་མི་བརྒྱུད་རྣམས་འགྲུལ་ཞིང་། སའི་རྒྱལ་པོ་རྣམས་ཀྱིས་རང་གི་དཔལ་བརྗིད་དེར་འཁྱེར་འོང་བར་འགྱུར། ༢༥ ཉིན་མོར་རྒྱལ་སྒོ་མི་རྒྱབ་ཅིང་། དེར་མཚན་མོ་མེད་དོ། ༢༦ མི་བརྒྱུད་རྣམས་ཀྱི་དཔལ་བརྗིད་དང་ཞེ་ས་དེར་འཁྱེར་འོང་བར་འགྱུར། ༢༧ ལུག་གུའི་ཚེའི་གླེགས་བམ་ནང་མིང་བྲིས་པ་རྣམས་མ་གཏོགས་པར། མི་གཙང་བའམ། ལོག་སྤྱོད་དང་རྫུན་སྨྲ་མཁན་སུའང་དེའི་ནང་ཆུད་པར་མི་འགྱུར་རོ༎