༢༢
དེ་ནས་ཁོང་གིས་ང་ལ་ཚེའི་ཆུའི་གཙང་པོ་བསྟན་ཅིང་། དེ་ནི་དྭངས་ཤེལ་ལྟར་དྭངས་ཤིང་། དཀོན་མཆོག་དང་ལུག་གུའི་ཁྲི་ལས་བྱུང་སྟེ། ༢ གྲོང་ཁྱེར་གྱི་ཁྲོམ་ལམ་གྱི་དཀྱིལ་ནས་འབྲུབ་ཅིང་། གཙང་པོའི་ཕར་ཚུར་དུ་སྟོན་ཐོག་བཅུ་གཉིས་སྨིན་པའི་ཚེའི་ཤིང་ཡོད་དེ། ཟླ་བ་རེ་བཞིན་ཤིང་ཏོག་སྐྱེད་དོ། ཤིང་དེའི་ལོ་མ་མི་བརྒྱུད་རྣམས་ཀྱི་ནད་ལ་ཕན་ནོ། ༣ དེར་དཀོན་མཆོག་དང་ལུག་གུའི་བཞུགས་ཁྲི་ཡོད་དེ། ཁོང་གི་འབངས་རྣམས་ཀྱིས་བསྙེན་བཀུར་བྱེད་པ་ལས། ཕྱིན་ཆད་དམོད་པར་འགྱུར་བ་མི་འབྱུང་ངོ་། ༤ དེ་རྣམས་ཀྱིས་ཁོང་གི་ཞལ་མཇལ་ཞིང་ཁོང་གི་མཚན་དེ་རྣམས་ཀྱི་དཔྲལ་བ་ལ་ཡོད་པར་འགྱུར། ༥ མཚན་མོ་མེད་ཅིང་། གཙོ་བོ་དཀོན་མཆོག་དེ་རྣམས་ཀྱི་འོད་ལགས་པས། སྣང་གསལ་ལམ་ཉི་མའི་འོད་མི་དགོས་པར་དེ་རྣམས་ཀྱིས་དུས་རྒྱུན་དུ་སྲིད་བྱེད་པར་འགྱུར་རོ༎༦ ཡང་ཕོ་ཉས་ང་ལ། བཀའ་འདི་བསླུ་མེད་དང་བདེན་པ་ལགས་ཏེ། ལུང་སྟོན་པ་རྣམས་ཀྱི་སེམས་ཉིད་ཀྱི་དཀོན་མཆོག་ལགས་པའི་གཙོ་བོས། མྱུར་དུ་འབྱུང་བར་དགོས་པའི་བྱ་བ་རྣམས་ཁོང་གི་ཞབས་ཕྱི་རྣམས་ལ་སྟོན་པའི་ཕྱིར་ཉིད་ཀྱི་ཕོ་ཉ་བརྫངས་པ་ཡིན། ༧ ང་མྱུར་དུ་འབྱོན་འོང་བས། མདོ་འདིའི་ལུང་བསྟན་རྣམས་སྲུང་བ་དེ་བདེ་ལེགས་སོ་ཞེས་གསུངས་སོ༎
༨ བྱ་བ་འདི་རྣམས་ཐོས་ཤིང་མཐོང་མཁན་ནི་ང་ཡོ་ཧ་ནན་ཡིན་ནོ། ངས་དེ་ཐོས་ཤིང་མཐོང་ནས་བྱ་བ་འདི་རྣམས་བསྟན་པའི་ཕོ་ཉ་དེའི་ཞབས་དྲུང་དུ་ཕྱག་འཚལ་བའི་ཕྱིར་ལུས་ས་ལ་བརྡབས་པས། ༩ ཁོང་གི་ང་ལ། དེ་མ་བྱེད་ཅིག ངའང་ཁྱོད་དང་ཁྱོད་ཀྱི་སྤུན་ལུང་སྟོན་པ་རྣམས་དང་མདོ་འདིའི་བཀའ་སྲུང་མཁན་རྣམས་དང་མཉམ་དུ་གཡོག་གྲོགས་ཤིག་ཡིན་པས། དཀོན་མཆོག་ལ་ཕྱག་ཕུལ་ཞིག ༡༠ དུས་ཉེ་བས། མདོ་འདིའི་ལུང་དུ་བསྟན་པ་རྣམས་མ་གསང་ཞིག ༡༡ ངན་པ་ལ་ད་རུང་ཡང་ངན་པ་བྱེད་དུ་ཆུག མི་གཙང་བ་ལ་ད་རུང་ཡང་མི་གཙང་བ་བྱེད་དུ་ཆུག དྲང་པོ་ནི་དྲང་པོ་དང་། དམ་པ་ནི་དམ་པར་ལུས་སུ་ཆུག
༡༢ ང་མྱུར་དུ་འབྱོན་འོང་། རེ་རེའི་ལས་དང་བསྟུན་ཏེ་ལན་འཇལ་བའི་ཕྱིར་རྔན་པ་འཁྱེར་འོང་ངོ་། ༡༣ ང་ནི་ཀ་དང་ཨ། དང་པོ་དང་མཇུག་མ། ཐོག་མ་དང་མཐའ་མ་ཡིན།
༡༤ རང་གི་གོས་འཁྲུད་མཁན་རྣམས་བདེའོ། དེ་རྣམས་ཚེའི་ཤིང་གི་དྲུང་དང་གྲོང་ཁྱེར་གྱི་རྒྱལ་སྒོ་ལས་འཇུག་ཏུ་རུང་ངོ་། ༡༥ ཁྱི་འདྲ་བ་དང་། སྔགས་པ་དང་། གཡེམ་པོ་དང་། མི་བསད་དང་སྐུ་འདྲ་ལ་རྟེན་མཁན་དང་། རྫུན་ལ་དགའ་ཞིང་སྨྲ་མཁན་རྣམས་ཕྱི་རོལ་དུ་ལུས་པར་འགྱུར་རོ༎
༡༦ ཆོས་ཚོགས་རྣམས་ཀྱི་དོན་དུ་དཔང་པོ་བྱེད་པའི་ཕྱིར། ང་ཡེ་ཤུས་ཉིད་ཀྱི་ཕོ་ཉ་ཁྱོད་ལ་མངགས་པ་ཡིན། ང་ནི་དཱ་བིད་ཀྱི་རྩ་བ་དང་གདུང་བརྒྱུད་དང་། ཐོ་རངས་ཀྱི་སྐར་ཆེན་མདངས་ཅན་དེ་ཡིན་ཞེས་གསུངས་སོ། ༡༧ ཐུགས་ཉིད་དང་བག་མས་ཤོག་ཅིག་གསུང་སྟེ། དེ་ཐོས་པ་རྣམས་ཀྱིས་ཀྱང་ཤོག་ཅིག་ཅེས་ཟེར་ཞིག སྐོམ་པ་རྣམས་ཤོག་ཅིག ཚེའི་ཆུ་འཐུང་འདོད་པ་རྣམས་ཀྱིས་རིན་མེད་པར་ལེན་ཞིག
༡༨ མདོ་འདིའི་ལུང་དུ་བསྟན་པ་ཐོས་པ་ཐམས་ཅད་ལ་ངས་བརྡ་ལན་གཏོང་བ་འདི་ལྟ་སྟེ། འདི་ལ་སྣོན་པ་བརྒྱབ་ཚད་ལ་དཀོན་མཆོག་གིས་མདོ་འདི་ནང་བྲིས་པའི་སྡུག་བསྔལ་རྣམས་སྣོན་པར་འགྱུར། ༡༩ མདོ་འདི་ནང་ལུང་དུ་བསྟན་པ་ལས་འཕྲི་ཚད་ལ། དཀོན་མཆོག་གི་མདོ་འདི་ནང་བྲིས་པའི་ཚེའི་ཤིང་དང་གྲོང་ཁྱེར་དམ་པའི་སྐལ་བ་ལས་འཕྲི་བར་འགྱུར།
༢༠ བྱ་བ་འདི་རྣམས་ལ་དཔང་པོ་མཛད་མཁན་གྱིས། ང་གདོན་མི་ཟ་བར་མྱུར་དུ་འབྱོན་ནོ་ཞེས་གསུང་ངོ་། ཨ་མེན། གཙོ་བོ་ཡེ་ཤུ་བྱོན་ཞིག
༢༡ ཐམས་ཅད་གཙོ་བོ་ཡེ་ཤུའི་ཐུགས་རྗེ་དང་ལྡན་པར་གྱུར་ཅིག ཨ་མེན༎ ༎