༢༠
ཡང་ངས་ནམ་མཁའ་ནས་ཕྱག་ཏུ་དོང་གི་ལྡེ་མིག་དང་ལྕགས་སྒྲོག་ཆེན་པོ་བསྣམས་པའི་ཕོ་ཉ་ཞིག་འབབ་པ་མཐོང་བྱུང་། ༢ ཁོང་གིས་བདུད་སཱ་ཏན་ཡིན་པ་འབྲུག་གམ་སྦྲུལ་རྒན་དེ་བཟུང་ནས། ལོ་སྟོང་གཅིག་གི་ཕྱིར་བཅིངས་ནས། ༣ ལོ་སྟོང་དེ་མ་རྫོགས་པའི་བར་དུ་དེས་མི་བརྒྱུད་རྣམས་སླར་ཡང་མི་བསླུ་བའི་ཕྱིར་དོང་ནང་བསྐྱུར་ནས་ཁ་བརྒྱབས་ཏེ། དེ་ལ་ཕྱག་ཐམ་བརྒྱབས་སོ། དེའི་རྗེས་སུ་ཅུང་ཟད་ཅིག་སྒྲོལ་བར་འགྱུར་རོ༎༤ ཡང་ངས་ཁྲི་དང་དེའི་ཐོག་ཏུ་ཞལ་ཆེ་གཅོད་པའི་དབང་ཐོབ་པ་རྣམས་འཁོད་ཡོད་པ་མཐོང་བ་མ་ཟད། གཅན་གཟན་དེ་དང་དེའི་འདྲ་སྐུ་ལ་ཕྱག་མ་བཙལ་བར། དཔྲལ་བ་དང་ལག་པ་ལ་རྟགས་ཀྱང་མ་བླངས་པར། ཡེ་ཤུའི་དཔང་པོ་དང་། དཀོན་མཆོག་གི་བཀའི་དོན་དུ་སྐེ་བཏང་བ་རྣམས་ཀྱི་སེམས་ཉིད་རྣམས་མཐོང་བྱུང་། དེ་རྣམས་གསོན་པོར་གྱུར་ནས། ལོ་སྟོང་གཅིག་གི་བར་དུ་མཱ་ཤི་ཀ་དང་མཉམ་དུ་རྒྱལ་སྲིད་བསྐྱངས་སོ། ༥ འདི་ནི་གཤིན་པོ་ལང་བ་དང་པོ་དེ་ཡིན་ཞིང་། ལོ་སྟོང་དེ་མ་རྫོགས་པའི་བར་དུ་གཤིན་པོ་གཞན་རྣམས་གསོན་པོར་མ་གྱུར་ཏོ། ༦ ལང་བ་དང་པོའི་སྐལ་བ་ལྡན་པ་རྣམས་བདེ་ལེགས་ཤིང་དམ་པའོ། དེ་རྣམས་ལ་འཆི་བ་གཉིས་པས་མི་དབང་ཞིང་། དཀོན་མཆོག་དང་མཱ་ཤི་ཀའི་དགེ་འདུན་དུ་འགྱུར་ཞིང་། ལོ་སྟོང་གཅིག་གི་བར་དུ་ཁོང་མཉམ་རྒྱལ་སྲིད་སྐྱོང་བར་འགྱུར་རོ༎
༧ ལོ་སྟོང་དེ་རྫོགས་པ་དང་བདུད་བཙོན་ལས་བསྒྲལ་ནས། ༨ ས་གཞིའི་ཕྱོགས་བཞི་རུ་གནས་པའི་མི་བརྒྱུད་རྣམས་སམ། གོག་དང་མ་གོག་བསླུས་ནས་འཐབ་མོའི་ཕྱིར་བསྡུ་བར་འགྱུར། དེ་རྣམས་ཀྱི་གྲངས་རྒྱ་མཚོའི་བྱེ་མ་དང་འདྲའོ། ༩ དེ་རྣམས་ཡངས་པའི་ས་གཞི་ལ་ཁྱབ་སྟེ། སྐྱེས་བུ་དམ་པ་རྣམས་ཀྱི་དམག་སྒར་དང་རྒྱལ་ས་གཅེས་པ་ལ་དམག་སྐོར་བཏང་བ་དང་། ནམ་མཁའ་ནས་མེ་བབས་ནས་དེ་རྣམས་སྲེག་ཅིང་། ༡༠ གཅན་གཟན་དེ་དང་ལུང་སྟོན་པ་རྫུས་མ་ཡོད་པའི་མེ་དང་མུ་ཟིའི་མཚོའི་ནང་དུ་དེ་རྣམས་བསླུས་པའི་བདུད་ཀྱང་བསྐྱུར་ཏོ། འདི་རྣམས་ཉིན་མཚན་མེད་པར་དུས་རྒྱུན་དུ་མནར་བར་འགྱུར་རོ༎
༡༡ དེ་ནས་ངས་རྒྱལ་ཁྲི་དཀར་པོ་ཆེན་པོ་ཞིག་དང་དེའི་སྟེང་དུ་བཞུགས་པ་ཁོང་མཇལ་བྱུང་། ཁོང་གི་ཞལ་ངོ་ནས་གནམ་ས་བྲོས་ཤིང་གང་དུའང་གནས་ས་མ་ཐོབ་བོ། ༡༢ བཞུགས་ཁྲིའི་དྲུང་དུ་གཤིན་པོ་ཆེ་ཆུང་ཐམས་ཅད་ལངས་ཡོད་ཅིང་། གླེགས་བམ་རྣམས་ཕྱི་པར་མཐོང་། དེ་ནས་ཚེའི་གླེགས་བམ་ཡང་ཕྱིས། གཤིན་པོ་རྣམས་ཀྱི་ཞལ་ཆེ་གླེགས་བམ་ནང་བྲིས་ཡོད་པ་ལྟར་བཅད། ༡༣ རྒྱ་མཚོས་དེ་ནང་ཡོད་པའི་གཤིན་པོ་རྣམས་དང་། འཆི་བ་དང་གཤིན་ཡུལ་གྱིས་དེ་ནང་ཡོད་པའི་གཤིན་པོ་རྣམས་ཀྱང་བཏང་། རེ་རེའི་ལས་དང་བསྟུན་ཏེ་ཞལ་ཆེ་བཅད་དོ། ༡༤ དེ་ནས་འཆི་བ་དང་གཤིན་ཡུལ་མེའི་མཚོའི་ནང་བསྐྱུར་ཏོ། མེའི་མཚོ་འདི་ནི་འཆི་བ་གཉིས་པ་དེ་ཡིན། ༡༥ ཚེའི་གླེགས་བམ་ནང་མིང་བྲིས་མེད་པ་རྣམས་མེའི་མཚོའི་ནང་བསྐྱུར་ཏོ༎