༡༩
དེའི་རྗེས་སུ་ནམ་མཁར་མི་ཚོགས་ཆེན་པོའི་སྐད་དང་འདྲ་བ་ཞིག་གིས། ཧལ་ལེ་ལུ་ཡཱ་ང་ཚོའི་དཀོན་མཆོག་ལ་ཐར་པ་དང་དཔལ་དང་དབང་མངའོ།  ཁོང་གིས་བཅད་པའི་ཞལ་ཆེ་རྣམས་བདེན་ཞིང་དྲང་སྟེ། ལོག་གཡེམ་གྱིས་ས་གཞི་བསླུས་པའི་སྨད་ཚོང་མ་ཆེན་མོར་ཞལ་ཆེ་བཅད་དེ། མོ་ལས་ཉིད་ཀྱི་ཞབས་ཕྱི་རྣམས་ཀྱི་སྲོག་ལན་བཞེས་སོ་ཞེས་སྨྲ་བ་ཐོས་བྱུང་།  སླར་ཧལ་ལེ་ལུ་ཡཱ། མོ་བསྲེགས་པའི་དུ་བ་དུས་རྒྱུན་དུ་འཐུལ་བར་འགྱུར་རོ་ཞེས་སྨྲས་སོ།  རྒན་པོ་ཉེར་བཞི་དང་སེམས་ཅན་བཞི་པོས། རྒྱལ་ཁྲི་ལ་བཞུགས་པའི་དཀོན་མཆོག་ལ་བརྡབ་ཕྱག་བཙལ་ནས། ཨ་མེན་ཧལ་ལེ་ལུ་ཡཱ་ཞུས་སོ།  དེ་ནས་རྒྱལ་ཁྲི་ལས། ཁྱེད་དཀོན་མཆོག་ལ་བག་བྱེད་པའི་ཞབས་ཕྱི་མཆོག་དམན་ཐམས་ཅད་ཀྱིས་ཁོང་ལ་བསྟོད་སྔོགས་ཤིག་ཅེས་པའི་སྒྲ་བྱུང་ངོ་༎
 ཆུ་ཆེན་པོ་དང་འབྲུག་ལྡིར་བ་ལྟ་བུའི་མི་ཚོགས་ཆེན་པོའི་སྐད་ཀྱིས་ཧལ་ལེ་ལུ་ཡཱ། ང་ཚོའི་གཙོ་བོ་དཀོན་མཆོག་ཀུན་དབང་གིས་རྒྱལ་སྲིད་སྐྱོང་སྟེ།  ལུག་གུའི་བག་སྟོན་རན་ནས། བག་མས་གྲལ་འགྲིག་བྱས་ཏེ།  གཙང་ཞིང་བཀྲག་དང་ལྡན་པའི་ཀ་ཤི་ཀའི་གྱོན་པ་མོ་ལ་གནང་བས། ང་ཚོ་དགའ་མགུ་ཡི་རང་ཞིང་ཁོང་ལ་བསྟོད་པར་རིགས་སོ་ཞེས་སྨྲས་སོ། ཀ་ཤི་ཀ་ནི་སྐྱེས་བུ་དམ་པ་རྣམས་ཀྱི་དགེ་བའི་མཛད་པ་དེའོ།  ཕོ་ཉས་ང་ལ། ལུག་གུའི་བག་སྟོན་ལ་བོས་པ་རྣམས་བྱིན་གྱིས་བརླབས་པའོ་ཞེས་བྲིས་ཤིག ཡང་འདི་རྣམས་དཀོན་མཆོག་གི་བདེན་ཚིག་ཡིན་ཞེས་གསུངས་སོ། ༡༠ ངས་ཁོང་ལ་ཕྱག་འཚལ་བའི་ཕྱིར་ཞབས་དྲུང་དུ་ལུས་ས་ལ་བརྡབས་པས། ཁོང་གིས་ང་ལ་དེ་མ་བྱེད་ཅིག ངའང་ཡེ་ཤུ་ལ་དཔང་པོ་བྱེད་པའི་ཁྱེད་དང་ཁྱེད་ཀྱི་སྤུན་རྣམས་དང་མཉམ་དུ་གཡོག་གྲོགས་ཤིག་ཡིན་པས། དཀོན་མཆོག་ལ་ཕྱག་ཕུལ་ཞིག་ཅེས་གསུངས་སོ། ཡེ་ཤུ་ལ་དཔང་པོ་བྱེད་པ་ནི་ལུང་བསྟན་པའི་སྙིང་པོའོ༎
༡༡ དེ་ནས་ངས་ནམ་མཁའ་ཕྱེས་ཡོད་པ་མཐོང་སྟེ། ཆིབས་པ་དཀར་པོ་ཞིག་འདུག་ཅིང་། དེར་འཆིབས་མཁན་ལ་མི་འགྱུར་བ་དང་བདེན་པ་ཞུའོ། དྲང་བ་ཉིད་ཀྱི་སྒོ་ནས་ཞལ་ཆེ་གཅོད་པ་དང་དམག་འཐབ་མཛད་དོ། ༡༢ ཁོང་གི་སྤྱན་མེ་ལྕེ་དང་འདྲ་སྟེ། དབུ་ལ་དབུ་རྒྱན་མང་པོ་དང་། ཁོང་ཉིད་ཀྱིས་མ་གཏོགས་གཞན་གྱིས་མི་ཤེས་པའི་མཚན་ཞིག་བྲིས་ཡོད་དོ། ༡༣ ཁྲག་ནང་བྱུགས་པའི་ན་བཟའ་གསོལ་ནས། མཚན་ལ་དཀོན་མཆོག་གི་བཀའ་ཞེས་བྱའོ། ༡༤ ནམ་མཁའི་དམག་དཔུང་རྟ་དཀར་པོ་ལ་ཞོན་ཏེ། ཀ་ཤི་ཀ་དཀར་པོ་དང་གཙང་མ་གྱོན་ནས་ཁོང་གི་རྗེས་སུ་འབྲངས་སོ། ༡༥ མི་བརྒྱུད་རྣམས་ལ་རྒྱབ་པའི་ཕྱིར་ཁོང་གི་ཞལ་ནས་རལ་གྲི་རྣོ་བ་ཞིག་འཐོན་ཏེ། དེ་རྣམས་ལ་ལྕགས་ཀྱི་དབྱུག་པས་དབང་སྒྱུར་བར་འགྱུར། དཀོན་མཆོག་ཀུན་དབང་གི་ཐུགས་ཁྲོའི་རྒུན་འབྲུམ་འཆག་གཞོང་ནང་དུ་རྫི་བར་མཛད་དོ། ༡༦ ཁོང་གི་ན་བཟའ་དང་བརླ་ཤ་ལ་རྒྱལ་པོ་རྣམས་ཀྱི་རྒྱལ་པོ་དང་། གཙོ་བོ་རྣམས་ཀྱི་གཙོ་བོ་ཞེས་པའི་མཚན་བྲིས་ཡོད་དོ༎
༡༧ ཡང་ངས་ཉི་མའི་ནང་ན་ཕོ་ཉ་ཞིག་འགྲེང་བ་མཐོང་བས། བར་སྣང་ལ་ཕུར་བའི་འདབས་ཆགས་ཐམས་ཅད་ལ་སྐད་ཆེན་པོས། ཤོག་ཅིག ༡༨ རྒྱལ་པོ་དང་། སྟོང་དཔོན་དང་། སྟོབས་པོ་ཆེ་དང་། རྟ་དང་དེ་ལ་ཞོན་པ་རྣམས་དང་། ཚེ་གཡོག་དང་། ཚེ་གཡོག་མིན་པ་དང་། ཆེ་ཆུང་ཐམས་ཅད་ཀྱི་ཤ་ཟ་བའི་ཕྱིར། དཀོན་མཆོག་གི་མགྲོན་ཆེན་པོ་འདི་ལ་འདུས་ཤིག་ཅེས་བོས་སོ༎
༡༩ གཅན་གཟན་དེ་དང་། སའི་རྒྱལ་པོ་རྣམས་དམག་དཔུང་དང་བཅས་པ། ཆིབས་པ་ལ་འཆིབས་མཁན་དང་ཁོང་གི་དམག་ཚོགས་ལ་འཐབ་པར་འདུས་པ་ངས་མཐོང་བྱུང་། ༢༠ གཅན་གཟན་དེ་དང་དེའི་རྟགས་བླངས་ནས་དེའི་སྐུ་འདྲ་ལ་བསྙེན་བཀུར་བྱེད་ཕྱིར་བསླུ་ཞིང་དེའི་མདུན་དུ་ལྟས་བསྟན་པའི་ལུང་སྟོན་པ་རྫུས་མ་བཟུང་ནས། དེ་གཉིས་པོ་གསོན་པོར་མུ་ཟི་འབར་བའི་མེ་མཚོའི་ནང་བསྐྱུར་ཏོ། ༢༡ ལྷག་མ་རྣམས་ཆིབས་པ་ལ་འཆིབས་པའི་ཞལ་ནས་ཐོན་པའི་རལ་གྲིས་བསད་ནས། དེ་རྣམས་ཀྱི་ཤ་ཡིས་འདབ་ཆགས་ཐམས་ཅད་ཚིམ་པར་གྱུར་ཏོ༎