༡༨
དེའི་རྗེས་སུ་དབང་ཆེན་པོ་ཡོད་པའི་ཕོ་ཉ་ཞིག་ནམ་མཁའ་ནས་འབབ་པ་མཐོང་ངོ་། དེའི་གཟི་བརྗིད་ཀྱིས་ས་གཞི་གང་ངོ་།  དེས་སྐད་ཆེན་པོས། ལྷུང་ངོ་། བ་བི་ལོན་ཆེན་པོ་རབ་ཏུ་ལྷུང་ངོ་། དེ་ནི་བགེགས་རྣམས་ཀྱི་སྡོད་གནས་དང་། འགོང་པོ་དང་། འདབ་ཆགས་གྲིབ་ཅན་དང་ཞེན་ལོག་ཐམས་ཅད་ཀྱི་ཚང་དུ་གྱུར་ཏོ།  དེའི་ལོག་གཡེམ་གྱི་རྒུན་ཆང་གིས་མི་བརྒྱུད་ཐམས་ཅད་བཟི་ནས། ས་གཞིའི་རྒྱལ་པོ་རྣམས་ཀྱིས་མོ་མཉམ་ལོག་གཡེམ་བྱས་ཏེ། ཚོང་པ་རྣམས་ཀྱང་མོའི་འདོད་ཡོན་ལས་ཕྱུག་པོར་གྱུར་ཏོ་ཞེས་འབོད་བསྒྲགས་སོ༎
 དེ་ནས་ནམ་མཁའ་ནས་གསུང་སྐད་གཞན་ཞིག་གིས། ངའི་མི་སྡེ་ཁྱོད། མོའི་སྡིག་པ་དང་མི་འདྲེ་བ་དང་དེའི་སྡུག་བསྔལ་ཁྱེད་ལ་མི་འབྱུང་བའི་ཕྱིར་དེ་ནས་ཐོན་འོང་ཞིག  དེའི་སྡིག་པའི་ཕུང་པོ་ནམ་མཁའ་ཐུག་བསླེབས་ནས། དཀོན་མཆོག་གིས་མོའི་མི་དགེ་བ་དྲན་པར་མཛད་དོ།  མོས་བྱས་པ་ལྟར་མོ་ལ་བྱོས་ཤིག མོའི་བྱ་བ་ལ་ཉིས་ལྡབ་འཇོལ་ཞིག མོས་བཀང་བའི་ཕོར་པ་ཁོའི་ཕྱིར་ཉིས་ལྡབ་ཁོང་ཞིག  མོས་རང་ལ་ཅི་ཙམ་བསྟོད་ཅིང་འདོད་ཡོན་ལ་ལོངས་སྤྱད་པ་དེ་ཙམ་སྡུག་བཟོད་དང་མྱ་ངན་སྟེར་ཞིག་མོས་སྙིང་ནང་ང་རྒྱལ་མོ་ཡིན་ཞིང་། མོ་རེང་མིན་ཏེ། མྱ་ངན་ནམ་ཡང་མཐོང་བར་མི་འགྱུར་རོ། སེམས་པས།  མོ་ལ་ནད་ཡམས་དང་། རིམས་ནད་དང་། མྱ་ངན་དང་། མུ་གེ་ཉི་མ་གཅིག་ནང་འོང་སྟེ། མེས་སྲེག་པར་འགྱུར། མོ་ལ་ཞལ་ཆེ་གཅོད་པའི་གཙོ་བོ་དཀོན་མཆོག་ནི་མཐུ་ལྡན་ལགས་སོ་ཞེས་གསུངས་སོ༎
 མོ་མཉམ་ལོག་གཡེམ་བྱེད་ཅིང་འདོད་ཡོན་ལ་སྤྱོད་པའི་ས་གཞིའི་རྒྱལ་པོ་རྣམས་ཀྱིས་མོ་མེས་སྲེག་པའི་དུ་བ་མཐོང་ཚེ་མོའི་དོན་དུ་ངུ་ཞིང་སྨྲེ་སྔགས་འདོན་པར་འགྱུར། ༡༠ ཡང་དེའི་སྡུག་བཟོད་ཀྱིས་འཇིགས་ནས། ཐག་རིང་པོར་བསྡད་དེ། འདི་སྐད་དུ། ཀྱེ་གྲོང་ཁྱེར་ཆེན་པོ། གྲོང་ཁྱེར་བཙན་པོ་བ་བི་ལོན། སྙིང་རེ་རྗེ། སྙིང་རེ་རྗེ། ཁྱོད་ལ་ཞལ་ཆེ་གཅོད་པ་ཆུ་ཚོད་གཅིག་ནང་བྱུང་ངོ་ཞེས་ཟེར་བར་འགྱུར།
༡༡ ས་གཞིའི་ཚོང་པ་རྣམས་ཀྱིས་ད་དེ་རྣམས་ཀྱི་ཚོང་ཟོང་སུས་ཀྱང་མི་ཉོ་བས་མོའི་དོན་དུ་ངུ་ཞིང་མྱ་ངན་བྱེད་དོ། ༡༢ ཚོང་ཟོང་ནི་གསེར་དང་། དངུལ་དང་། རིན་པོ་ཆེ་དང་། མུ་ཏིག་དང་། ཀ་ཤི་ཀ་དང་། འགོ་སྣམ་དང་། དར་དང་། གོས་ཆེན་མཚལ་ཁ་དང་། དྲི་ཞིམ་གྱི་ཤིང་སྣ་ཚོགས་དང་། བ་སོ་དང་། རིན་ཆེ་བའི་ཤིང་དང་། རག་དང་། ལྕགས་དང་། ཀ་མ་རུ་ལས་བཟོས་པའི་དངོས་པོ་སྣ་ཚོགས་དང་། ༡༣ ཤིང་ཚ་དང་། སྨན་སྣ་དང་། བདུག་སྤོས་དང་། བྱུག་སྤོས་དང་། སྤོས་དཀར་དང་། རྒུན་ཆང་དང་། འབྲུ་མར་དང་། རྒྱ་ཞིབ་དང་། གྲོ་དང་། ཕྱུགས་དང་། ལུག་དང་། རྟ་དང་། ཤིང་རྟ་དང་། ཚེ་གཡོག་དང་། མིའི་སྲོག་རྣམས་སོ། ༡༤ དེ་རྣམས་ཀྱིས་ཁྱོད་ཀྱིས་གདུང་བའི་འབྲས་བུ་ཁྱོད་ལས་ཤོར་ཏེ། ཟས་ཞིམ་པ་དང་ནོར་གྱི་ཟིལ་ཐམས་ཅད་ཁྱོད་ལས་མེད་པར་གྱུར་པས། སླར་ནམ་ཡང་ཐོབ་པར་མི་འགྱུར་ཟེར་བར་འགྱུར། ༡༥ མོ་ལས་ནོར་འབྱོར་བའི་དངོས་པོ་དེ་དག་གི་ཚོང་པ་རྣམས། མོའི་སྡུག་བཟོད་ཀྱིས་འཇིགས་ནས་ཐག་རིང་པོར་བསྡད་ནས་ངུ་ཞིང་མྱ་ངན་བྱེད་ཅིང་འདི་སྐད་དུ། ༡༦ ཀ་ཤི་ཀ་དང་། འགོ་སྣམ་དང་། གོས་ཆེན་མཚལ་ཁ་གྱོན་ཏེ། གསེར་དང་། རིན་པོ་ཆེ་དང་། མུ་ཏིག་གིས་བརྒྱན་པའི་གྲོང་ཁྱེར་ཆེན་པོ་སྙིང་རེ་རྗེ། སྙིང་རེ་རྗེ། ༡༧ ཆུ་ཚོད་གཅིག་ནང་འདི་འདྲའི་ནོར་ཆེན་པོ་སྟོངས་པར་གྱུར་ཏོ་ཞེས་ཟེར་རོ༎
གྲུའི་བདག་པོ་དང་། ཆུ་ཐོག་འགྲོ་མཁན་དང་། གྲུ་པ་དང་། རྒྱ་མཚོ་ལས་འཚོ་བ་རྙེད་ཚད་ཐག་རིང་པོར་བསྡད་དེ། ༡༨ མོ་འཚིག་པའི་དུ་བ་ལ་བལྟས་ནས་སྐད་ཆེན་པོས་གྲོང་ཁྱེར་གང་དག་གྲོང་ཁྱེར་ཆེན་པོ་འདི་དང་འདྲ་ཟེར་ཞིང་། ༡༩ ངུ་ཞིང་འོ་དོད་གཏོང་ཚེ་མགོ་ལ་ཐལ་བ་གཡོགས་ནས་འདི་སྐད་དུ། རྒྱ་མཚོར་གྲུ་ཡོད་པ་རྣམས་དེའི་ནོར་གྱིས་ཕྱུག་པའི་གྲོང་ཁྱེར་ཆེན་པོ་ཆུ་ཚོད་གཅིག་ནང་སྟོངས་པས། སྙིང་རེ་རྗེ། སྙིང་རེ་རྗེ། ཞེས་འབོད་བསྒྲགས་སོ༎
༢༠ ཀྱེ་ནམ་མཁའ་དང་། སྐྱེས་བུ་དམ་པ་དང་། སྐུ་ཚབ་དང་། ལུང་སྟོན་པ་རྣམས། དཀོན་མཆོག་གིས་མོ་ལ་ཁྲིམས་བཅད་ནས་ཁྱེད་ལ་ཞལ་ཆེ་བཅད་པས་དགའ་མགུ་རངས་ཤིག
༢༡ དེ་ནས་ཕོ་ཉ་སྟོབས་ཅན་ཞིག་གིས་རང་འཐག་ཆེན་པོ་དང་འདྲ་བའི་རྡོ་ཞིག་བླངས་ཏེ་རྒྱ་མཚོར་བསྐྱུར་ནས་འདི་སྐད་དུ། འདི་ལྟ་བུར་གྲོང་ཁྱེར་ཆེན་པོ་བ་བི་ལོན་ཡང་སྐྱུར་བར་འགྱུར་ཞིང་སླར་མཐོང་བར་མི་འགྱུར། ༢༢ པི་ཝང་གཏོང་མཁན་དང་། གླུ་ལེན་མཁན་དང་། གླིང་བུ་པ་དང་། དུང་འབུད་མཁན་རྣམས་ཀྱི་དབྱངས་སླར་ཐོས་པར་མི་འགྱུར། བཟོ་རིགས་གང་གི་བཟོ་པའང་ཁྱོད་ནང་སླར་ཐོབ་པར་མི་འགྱུར། རང་འཐག་གི་སྐད་ཀྱང་ཁྱོད་ནང་སླར་ཐོས་པར་མི་འགྱུར། ༢༣ མར་མེའི་འོད་ཀྱང་ཁྱོད་ནང་སླར་འཕྲོ་བར་མི་འགྱུར། མག་པ་དང་བག་མའི་སྐད་ཀྱང་ཁྱོད་ནང་ཐོས་པར་མི་འགྱུར་རོ། ཁྱོད་ཀྱི་ཚོང་པ་རྣམས་ས་གཞིའི་མི་ཆེན་རྣམས་ཡིན་ཏེ། ཁྱོད་ཀྱི་སྒྱུ་འཕྲུལ་གྱིས་མི་བརྒྱུད་ཐམས་ཅད་བསླུས་པ་ཡིན། ༢༤ ལུང་སྟོན་པ་དང་། སྐྱེས་བུ་དམ་པ་དང་། ས་གཞི་རུ་བསད་པ་ཐམས་ཅད་ཀྱི་ཁྲག་ཁྱོད་ཀྱི་ནང་ན་འདུག་གོ་ཞེས་གསུངས་སོ༎