༡༧
ཕོར་པ་ཡོད་པའི་ཕོ་ཉ་བདུན་པོའི་ནང་ནས་གཅིག་གིས་ང་ལ། ཆུ་སྟེང་དུ་སྡོད་པའི་སྨད་ཚོང་མ་ཆེན་མོ་ལ་ཞལ་ཆེ་གཅོད་པ་ངས་ཁྱོད་ལ་སྟོན་པར་བྱ། ༢ དེ་མཉམ་འཇིག་རྟེན་གྱི་རྒྱལ་པོ་རྣམས་ཀྱིས་ལོག་གཡེམ་བྱས་ཏེ། ས་གཞི་རུ་གནས་པ་རྣམས་ཀྱིས་མོར། ལོག་པར་གཡེམ་པའི་རྒུན་ཆང་གིས་བཟི་བ་ཡིན་ཞེས་གསུངས་སོ། ༣ དེ་ནས་ང་ཐུགས་ཉིད་ཀྱིས་འབྲོག་སྟོང་ཞིག་ཏུ་དྲངས་ནས། སྐུར་པའི་མིང་གིས་གང་བའི་མགོ་བདུན་དང་རྭ་ཅོ་བཅུ་ཡོད་པའི་གཅན་གཟན་དམར་པོ་ལ་ཞོན་པའི་བུད་མེད་ཅིག་མཐོང་བྱུང་། ༤ དེ་གོས་དམར་པོ་དང་མཚལ་ཁ་གོན་ཏེ། གསེར་དང་རིན་པོ་ཆེ་དང་མུ་ཏིག་གིས་བརྒྱན་ནས། ལག་པ་ལ་ལོག་གཡེམ་གྱི་མི་གཙང་བའི་དྲི་མས་གང་བའི་གསེར་གྱི་ཕོར་པ་ཞིག་ཡོད་དོ། ༥ དཔྲལ་བ་ལ་བ་བི་ལོན་གྱི་གྲོང་ཁྱེར་ཆེན་པོ། སྨད་ཚོང་མ་རྣམས་དང་ས་གཞིའི་ཞེན་ལོག་རྣམས་ཀྱི་ཨ་མ་ཞེས་པའི་གསང་བའི་མིང་བྲིས་ཡོད་དོ། ༦ ངས་བུད་མེད་དེ་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཁྲག་དང་། ཡེ་ཤུའི་དཔང་པོ་རྣམས་ཀྱི་སྐུ་ཁྲག་གིས་བཟི་ཡོད་པ་མཐོང་ངོ་། མོ་མཐོང་ནས་ངོ་མཚར་རྨད་དུ་གྱུར་པས། ༧ ཕོ་ཉས་ང་ལ། ཁྱོད་ཅི་ལ་ངོ་མཚར་དུ་གྱུར་པ་ཡིན། ངས་བུད་མེད་དེ་དང་། དེ་འཁུར་བའི་མགོ་བདུན་དང་། རྭ་ཅོ་བཅུ་ཡོད་པའི་གཅན་གཟན་གྱི་གསང་བ་དེ་སྟོན་པར་བྱའོ། ༨ ཁྱོད་ཀྱིས་མཐོང་བའི་གཅན་གཟན་དེ་སྔར་ཡོད་ཀྱང་ད་ལྟ་མེད་དེ། ཕྱིས་སུ་གཏིང་མཐའ་མེད་པའི་དོང་ལས་འཐོན་ཏེ་སྟོངས་པའི་ཕྱོགས་སུ་འགྲོའོ། འཇིག་རྟེན་གྱི་ཐོག་མ་ནས་ཚེའི་གླེགས་བམ་ནང་མིང་བྲིས་མེད་པའི་ས་ལ་གནས་པ་རྣམས་ཀྱིས་གཅན་གཟན་དེ་སྔར་ཡོད་པ་དང་། ད་ལྟ་མེད་པ་དང་། ཕྱིས་འོང་བར་འགྱུར་བ་མཐོང་ནས་ངོ་མཚར་དུ་འགྱུར་རོ། ༩ འདི་རུ་ཤེས་རབ་དགོས་སོ། མགོ་བདུན་པོ་ནི་བུད་མེད་བསྡད་ཡོད་པའི་རི་བདུན་ཡིན། ༡༠ རྒྱལ་པོ་བདུན་ཡང་ཡིན། ལྔ་ནི་ལྷུང་ཟིན། གཅིག་ད་ལྟ་ཡོད། གཞན་དེ་ད་རུང་མ་འོངས། དེ་འོང་ཞིང་ཅུང་ཟད་ཅིག་ལས་མི་ལུས། ༡༡ གཅན་གཟན་སྔར་ཡོད་དེ་ད་ལྟ་མེད་པ་དེ་བརྒྱད་པ་ཡིན་ཀྱང་། བདུན་པོའི་ནང་གཏོགས་ཏེ་སྟོངས་པའི་ཕྱོགས་སུ་འགྲོའོ། ༡༢ རྭ་ཅོ་བཅུ་མཐོང་བ་དེ་ད་དུང་རྒྱལ་པོའི་དབང་མ་ཐོབ་པའི་རྒྱལ་པོ་བཅུ་ཡིན་ཏེ། གཅན་གཟན་དེ་དང་མཉམ་དུ་དེ་ཆུ་ཚོད་གཅིག་གི་ཕྱིར་རྒྱལ་པོའི་དབང་ཐོབ་པར་འགྱུར། ༡༣ འདི་རྣམས་ཀྱི་བསམ་པ་གཅིག་ཡིན་ཏེ། རང་གི་མཐུ་དང་དབང་གཅན་གཟན་དེ་ལ་གཏོང་བར་འགྱུར། ༡༤ འདི་རྣམས་ཀྱིས་ལུ་གུ་ལ་འཐབ་མོ་འགྱེད་པར་འགྱུར་ཀྱང་། ཁོང་ནི་གཙོ་བོ་རྣམས་ཀྱི་གཙོ་བོ་དང་རྒྱལ་པོ་རྣམས་ཀྱི་རྒྱལ་པོ་ལགས་པས། དེ་རྣམས་ལས་རྒྱལ་བར་འགྱུར་ཏེ། ཁོང་མཉམ་ཡོད་པའི་བོས་པ་དང་། འདམས་པ་དང་། གདེང་ཅན་རྣམས་ཀྱང་རྒྱལ་བར་འགྱུར་ཞེས་གསུངས་སོ༎༡༥ ཡང་ཁོང་གིས་ང་ལ། ཁྱོད་ཀྱིས་སྨད་ཚོང་མ་སྡོད་པའི་ཆུ་མཐོང་བ་དེ། མི་སྡེ་དང་མི་བརྒྱུད་དང་། མི་རིགས་དང་སྐད་རིགས་རྣམས་ཡིན་ནོ། ༡༦ ཁྱོད་ཀྱིས་མཐོང་བའི་རྭ་ཅོ་བཅུ་དང་གཅན་གཟན་དེས་སྨད་ཚོང་མ་དེ་ལ་སྡང་ཞིང་སྟོངས་པར་བྱེད་ཅིང་གཅེར་པུ་བྱས་ཏེ། དེའི་ཤ་ཟ་ཞིང་མེས་སྲེག་པར་འགྱུར་རོ། ༡༧ དཀོན་མཆོག་གི་བཀའ་རྣམས་གྲུབ་རིང་དུ། དེ་རྣམས་ཀྱིས་གཅན་གཟན་དེ་ལ་རྒྱལ་པོའི་དབང་གཏོང་བ་དང་། སེམས་གཅིག་ཏུ་འགྱུར་བའི་སྒོ་ནས་དཀོན་མཆོག་གི་ཐུགས་དགོངས་སྒྲུབ་པའི་བསམ་པ་དཀོན་མཆོག་གིས་གནང་ངོ་། ༡༨ ཡང་ཁྱོད་ཀྱིས་མཐོང་བའི་བུད་མེད་དེ་ས་གཞིའི་རྒྱལ་པོ་རྣམས་ལ་སྲིད་བྱེད་པའི་གྲོང་ཁྱེར་ཆེན་པོ་དེ་ཡིན་ཞེས་གསུངས་སོ༎