༡༦
དེ་ནས་མཆོད་ཁང་གི་ནང་ནས་སྐད་ཆེན་པོས་ཕོ་ཉ་བདུན་པོ་ལ། སོང་ལ་དཀོན་མཆོག་གི་ཐུགས་ཁྲོའི་ཕོར་པ་བདུན་པོ་དེ་ས་ལ་བླུགས་ཤིག ཅེས་འབོད་པ་ཐོས་སོ༎
 ཕོ་ཉ་དང་པོ་དེ་སོང་ནས་ཕོར་པ་ས་ལ་བླུགས་པས། གཅན་གཟན་དེའི་རྟགས་ཡོད་པ་དང་། དེའི་འདྲ་སྐུ་ལ་བསྙེན་བཀུར་བྱས་པ་རྣམས་ལ་གཉན་ལྷོག་ངན་པ་ཐོན་ཏོ༎
 གཉིས་པ་དེས་ཕོར་པ་རྒྱ་མཚོའི་ནང་དུ་བླུགས་པས་རོའི་ཁྲག་ལྟར་གྱུར་ནས། རྒྱ་མཚོའི་ནང་གི་སྲོག་ཆགས་ཐམས་ཅད་ཤིའོ༎
 གསུམ་པ་དེས་ཕོར་པ་གཙང་པོ་དང་ཆུ་མིག་རྣམས་ནང་བླུགས་པས། དེ་རྣམས་ཁྲག་ཏུ་གྱུར་ཏོ།  ཆུའི་ཕོ་ཉས་ད་ལྟ་བཞུགས་པ་དང་སྔར་མཆིས་པའི་དམ་པ་ཁྱེད་ཀྱིས། འདི་ལྟར་ཞལ་ཆེ་བཅད་པས་ཐུགས་དྲང་པོ་ལགས་སོ།  དེ་རྣམས་ཀྱིས་སྐྱེས་བུ་དམ་པ་དང་ལུང་སྟོན་པ་རྣམས་ཀྱི་སྐུ་ཁྲག་ཕོས་པས་ན། འཐུང་བར་ཁྲག་གནང་བ་ཡིན། དེ་རྣམས་ལ་འདི་མཁོ་བ་ཡིན་ཞེས་ཞུ་བ་ཐོས་སོ།  དེ་ནས་མཆོད་ཁྲིས། ཀྱེ་གཙོ་བོ་དཀོན་མཆོག་ཀུན་དབང་། ཁྱེད་ཀྱི་ཞལ་ཆེ་དྲང་པོ་དང་འོས་པ་ལགས་སོ། ཞེས་ཞུ་བ་ཐོས་སོ།  བཞི་པ་དེས་ཕོར་པ་ཉི་མའི་ཐོག་ཏུ་བླུགས་པས། མི་རྣམས་མེས་སྲེག་པའི་དབང་གནང་སྟེ།  མི་རྣམས་མེ་ཚན་དྲག་པོས་ཚིག་ནས། ནད་ཡམས་འདི་རྣམས་ཀྱི་ཐོག་ཏུ་དབང་ཡོད་པའི་དཀོན་མཆོག་ལ་འགྱོད་ཚངས་ཀྱིས་བསྟོད་པ་མ་ཕུལ་བར་སྐུར་པ་བཏབ་བོ༎
༡༠ ལྔ་པ་དེས་ཕོར་པ་གཅན་གཟན་དེའི་ཁྲིའི་ཐོག་ཏུ་བླུགས་པ་དང་། དེའི་རྒྱལ་ཁམས་མུན་ནག་ཏུ་བྱས་ནས། མི་རྣམས་ཟུག་གཟེར་གྱིས་ལྕེ་མུར་ཞིང་། ༡༡ རང་གི་མི་དགེ་བའི་ཕྱིར་དུ་འགྱོད་ཚངས་མ་བྱས་པར། ཟུག་གཟེར་དང་གཉན་ལྷོག་གི་རྐྱེན་གྱིས་དཀོན་མཆོག་ལ་སྐུར་པ་བཏབ་བོ༎
༡༢ དྲུག་པ་དེས་ཕོར་པ་གཙང་པོ་ཆེན་པོ་ཡུབ་རཱད་ནང་བླུགས་པས། ཤར་ཕྱོགས་ཀྱི་རྒྱལ་པོ་རྣམས་ལ་ལམ་བཤོམ་པའི་ཕྱིར་སྐམས་སར་གྱུར་ཏོ། ༡༣ ཡང་ངས་འབྲུག་དང་། གཅན་གཟན་དང་། ལུང་སྟོན་པ་རྫུས་མའི་ཁ་ནས་སྦལ་པ་དང་འདྲ་བའི་སེམས་ཉིད་མི་གཙང་བ་གསུམ་འཐོན་པ་མཐོང་བྱུང་། ༡༤ དེ་རྣམས་དཀོན་མཆོག་ཀུན་དབང་གི་ཉིན་མོ་ཆེན་པོར་འཐབ་པའི་ཕྱིར་འཇིག་རྟེན་ཧྲིལ་པོའི་རྒྱལ་པོ་རྣམས་བསྡུ་བར་འགྲོ་བའི་བགེགས་ལྟས་དང་ལྡན་པ་རྣམས་ཡིན་ཅིང་། ༡༥-༡༦ དེ་རྣམས་ཨིབ་རིའི་སྐད་དུ་ཧར་མ་གེ་དོན་བྱ་བའི་གནས་སུ་འདུས་སོ། ཁོང་ནི་རྐུན་མ་ལྟར་ཕེབས་འོང་བས། གཅང་གྲུང་བྱེད་ཅིང་གཅེར་བུར་མི་མཐོང་བའི་ཕྱིར་རང་གི་གོས་ལ་ཅག་ག་བྱེད་མཁན་ནི་བདེའོ༎
༡༧ བདུན་པ་དེས་ཕོར་པ་རླུང་གི་ནང་དུ་བླུགས་པས། མཆོད་ཁང་གི་ནང་ན་རྒྱལ་ཁྲི་ལས་ད་རྫོགས་སོ་ཟེར་བའི་སྐད་ཆེན་པོ་ཞིག་བྱུང་། ༡༨ དེ་ནས་གློག་འཁྱུག་པ་དང་། འབྲུག་ལྡིར་བ་དང་། ས་ལ་མི་རྣམས་ཆགས་པ་ནས་ཚུན་ནམ་ཡང་བྱུང་མ་མྱོང་བའི་ས་གཡོ་ཆེན་པོ་ཞིག་བྱུང་ནས། ༡༩ གྲོང་ཁྱེར་ཆེན་པོ་དེ་དུམ་བུ་གསུམ་དུ་གས། མི་བརྒྱུད་སོ་སོའི་གྲོང་ཁྱེར་རྣམས་བརྡིབས། གྲོང་ཁྱེར་ཆེན་པོ་བ་བི་ལོན་ལ་ཐུགས་ཁྲོ་དྲག་པོའི་རྒུན་ཆང་གི་ཕོར་པ་སྟེར་བ་དཀོན་མཆོག་གི་ཐུགས་སུ་དྲན་པར་གྱུར་ཏོ། ༢༠ གླིང་ཕྲན་ཐམས་ཅད་སྟོར། རི་རྣམས་མེད་པར་སོང་། ༢༡ གནམ་ནས་རྡོ་ཚད་རེའི་ལྗིད་ཡོད་པའི་སེར་བ་ཆེན་པོ་མི་རྣམས་ཀྱི་ཐོག་ཏུ་བབས་ནས་སྡུག་བསྔལ་དེ་ཤིན་ཏུ་ཆེ་བས། དེའི་ཕྱིར་མི་རྣམས་ཀྱིས་དཀོན་མཆོག་ལ་སྐུར་པ་བཏབ་བོ༎