༡༥
ངས་ནམ་མཁའ་རུ་ལྟས་གཞན་ཆེ་ལ་ངོ་མཚར་ཅན་ཞིག་མཐོང་ངོ་། ཕོ་ཉ་བདུན་གྱིས་དཀོན་མཆོག་གི་ཐུགས་ཁྲོ་རྫོགས་པའི་རྟིང་མཇུག་གི་ནད་ཡམས་བདུན་པོ་འཁུར་ཡོད་དོ༎༢ དེ་ནས་མེ་འདྲེས་པའི་ཤེལ་གྱི་རྒྱ་མཚོ་འདྲ་བ་ཞིག་དང་། དེའི་མདུན་དུ་གཅན་གཟན་དེ་དང་དེའི་འདྲ་སྐུ་དང་དེའི་མིང་གི་གྲངས་ལས་རྒྱལ་བ་རྣམས། དཀོན་མཆོག་གི་པི་ཝང་ཐོགས་ཏེ་ཡོད་པ་མཐོང་བྱུང་། ༣ དེ་རྣམས་ཀྱིས་དཀོན་མཆོག་གི་ཞབས་ཕྱི་མོ་ཤེའི་མགུར་མ་དང་། ལུག་གུའི་མགུར་མ་ལེན་ཞིང་། ཀྱེ་གཙོ་བོ་དཀོན་མཆོག་ཀུན་དབང་། ཁྱེད་ཀྱི་མཛད་པ་ཆེ་ཞིང་ངོ་མཚར་ཆེའོ། ཀྱེ་མི་བརྒྱུད་རྣམས་ཀྱི་རྒྱལ་པོ། ཁྱེད་ཀྱི་གཤེགས་ལམ་དྲང་ཞིང་བདེན་པ་ལགས་སོ། ༤ ཀྱེ་གཙོ་བོ་ཁྱེད་གཅིག་པུ་ནི་དམ་པ་ལགས་པས། ཁྱེད་ལ་སུ་འཇིགས་པར་མི་འགྱུར། ཁྱེད་ཀྱི་མཚན་ལ་སུས་བསྟོད་པར་མི་བྱ། ཁྱེད་ཀྱི་མཛད་པ་དྲང་པོ་རྣམས་མངོན་བྱུང་བས། མི་བརྒྱུད་ཀུན་འོངས་ནས་ཁྱེད་ལ་བསྙེན་བཀུར་བྱེད་པར་འགྱུར་ཞེས་བསྟོད་དོ༎
༥ དེའི་རྗེས་སུ་ངས་བལྟས་པས། ནམ་མཁར་དཔང་པོའི་གུར་མཆོག་གི་མཆོད་ཁང་ཕྱེས་པ་དང་། ༦ དེའི་ནང་ནས་ནད་ཡམས་བདུན་པོ་ཡོད་པའི་ཕོ་ཉ་བདུན་པོ་ཀ་ཤི་ཀའི་ན་བཟའ་དྲི་མ་མེད་པ་དང་། བྲང་ལ་གསེར་གྱི་སྐ་རགས་གསོལ་བ་ཐོན་ནས། ༧ སེམས་ཅན་བཞི་པོའི་ནང་ནས་གཅིག་གིས། རྒྱུན་དུ་བཞུགས་པའི་དཀོན་མཆོག་གི་ཐུགས་ཁྲོས་གང་བའི་གསེར་གྱི་ཕོར་པ་བདུན་པོ་ཕོ་ཉ་བདུན་པོ་ལ་བྱིན་ནོ། ༨ མཆོད་ཁང་དེ་དཀོན་མཆོག་གི་གཟི་བརྗིད་དང་མཐུ་སྟོབས་ཀྱི་དུ་བས་གང་བས། ཕོ་ཉ་བདུན་པོའི་ནད་ཡམས་བདུན་པོ་མ་ཟིན་པའི་བར་དུ་དེའི་ནང་སུའང་འགྲོ་མ་ཐུབ་བོ༎