༡༣
ངས་རྒྱ་མཚོའི་ནང་ནས་གཅན་གཟན་ཞིག་འཐོན་འོང་བར་མཐོང་བྱུང་། དེ་ལ་རྭ་ཅོ་བཅུ་དང་། མགོ་བདུན་དང་། རྭ་ཅོའི་ཐོག་ཏུ་གཙུག་རྒྱན་རེ་རེ་དང་། མགོ་རེའི་ཁར་སྐུར་འདེབས་ཀྱི་མིང་རེ་ཡོད་དོ།  ངས་མཐོང་བའི་གཅན་གཟན་དེ་གཟིག་དང་འདྲ་སྟེ། དེའི་རྐང་པ་དོམ་གྱི་རྐང་པ་འདྲ་བ་དང་། ཁ་ནི་སེང་གེའི་ཁ་དང་འདྲ་བ་ཡིན་ཏེ། འདི་ལ་འབྲུག་དེས་རང་གི་མཐུ་དང་ཁྲི་དང་མངའ་དབང་བཏད་དོ།  དེའི་མགོ་གཅིག་ལ་འཆི་བར་ཐུག་པ་ཙམ་གྱིས་བརྡུངས་ཡོད་པ་ལྟར་མཐོང་། འཆི་བ་ལ་ཐུག་པའི་རྨ་དེ་གསོས་པ་དང་། འཇིག་རྟེན་པ་ཐམས་ཅད་ཧ་ལས་ནས་གཅན་གཟན་དེའི་རྗེས་སུ་འབྲངས་སོ།  གཅན་གཟན་ལ་འབྲུག་གིས་དབང་བཏང་བས། དེ་རྣམས་ཀྱིས་འབྲུག་ལ་བསྙེན་བཀུར་བྱས་སོ། ཡང་གཅན་གཟན་འདི་དང་འདྲ་བ་སུ་ཡོད། དེ་ལ་འཐབ་ཐུབ་མཁན་སུ་ཡོད་ཟེར་ཞིང་གཅན་གཟན་ལའང་བསྙེན་བཀུར་བྱས་སོ༎
 དེ་ལ་ཁ་ཕོ་བྱེད་པ་དང་སྐུར་པ་འདེབས་པའི་ཁ་ཡོད་དེ་ཟླ་བ་བཞི་བཅུ་ཞེ་གཉིས་ཀྱི་བར་དུ་དབང་བསྐུར་ཏོ།  དེས་དཀོན་མཆོག་ལ་སྐུར་པ་འདེབས་ཕྱིར་ཁོང་གི་མཚན་དང་། ནམ་མཁའ་རུ་བཞུགས་པ་རྣམས་ཡིན་པའི་ཁོང་གི་གུར་མཆོག་ལ་སྐུར་པ་འདེབས་པའི་ཕྱིར་ཁ་ཕྱེས་སོ།  སྐྱེས་བུ་དམ་པ་རྣམས་ལ་འཐབ་ཅིང་ཕམ་པར་བྱེད་པའི་དབང་ཡང་བསྐུར་ཏོ། མི་སྡེ་དང་མི་བརྒྱུད་དང་སྐད་རིགས་དང་མི་རིགས་ཐམས་ཅད་ཀྱི་ཐོག་ཏུ་དབང་བསྐུར་ནས།  བཀྲོངས་པའི་ལུག་གུས་འཇིག་རྟེན་བཀོད་པའི་སྔོན་ནས་ཚེའི་གླེགས་བམ་ནང་མིང་མ་བྲིས་པའི། ས་གཞི་རུ་གནས་པ་ཐམས་ཅད་ཀྱིས་གཅན་གཟན་དེ་ལ་བསྙེན་བཀུར་བྱེད་པར་འགྱུར་རོ༎
 རྣ་བ་ཡོད་པ་དེས་ཉོན་ཅིག ༡༠ བཙོན་དུ་འགྲོ་དགོས་པ་བཙོན་དུ་འགྲོ་བར་འགྱུར། རལ་གྲིས་འཆི་དགོས་པ་རལ་གྲིས་ཤི་བར་འགྱུར། འདི་ནི་དམ་པ་རྣམས་ལ་བཟོད་པ་དང་དད་པའི་བསྐུལ་མའོ༎
༡༡ དེ་ནས་གཅན་གཟན་གཞན་ཞིག་ས་ལས་འཐོན་པ་ངས་མཐོང་བྱུང་། དེ་ལ་ལུག་གུ་དང་འདྲ་བར་རྭ་ཅོ་གཉིས་འདུག་སྟེ། འབྲུག་ལྟར་གཏམ་བྱེད་དོ། ༡༢ དེས་གཅན་གཟན་དང་པོའི་མདུན་དུ་དེའི་དབང་སྤྱོད་དེ། ས་གཞི་དང་དེའི་ནང་གནས་པ་ཐམས་ཅད་ལ། འཆི་བར་ཐུག་པའི་རྨ་གསོས་པའི་གཅན་གཟན་དང་པོ་དེ་ལ་བསྙེན་བཀུར་བྱེད་དུ་འཇུག་ཅིང་། ༡༣ མི་རྣམས་ཀྱིས་མཐོང་སར་ནམ་མཁའ་ལས་མེ་འབེབས་པ་ཙམ་དུ་ལྟས་ཆེན་པོ་རྣམས་བསྟན་ཏོ། ༡༤ གཅན་གཟན་དེའི་མདུན་དུ་ལྟས་སྟོན་པའི་དབང་ཡོད་པའི་རྐྱེན་གྱིས། ས་གཞི་ལ་གནས་པ་རྣམས་མགོ་བསྐོར་ཞིང་། རལ་གྲིས་རྨས་ཀྱང་གསོས་པའི་གཅན་གཟན་དེའི་འདྲ་སྐུ་བཟོ་རུ་འཇུག་གོ། ༡༥ གཅན་གཟན་གྱི་འདྲ་སྐུ་ལ་དབུགས་བཅུག་སྟེ། དེས་སྨྲ་ནུས་པ་དང་། དེ་ལ་བསྙེན་བཀུར་མི་བྱེད་པ་ཐམས་ཅད་གསོད་ནུས་པའི་དབང་ཡོད་དོ༎
༡༦ དེས་དྲག་ཞན་དང་ཕྱུག་དབུལ་དང་ཚེ་གཡོག་དང་ཚེ་གཡོག་མ་ཡིན་པ་ཐམས་ཅད་ཀྱི་ལག་པ་གཡས་པའམ་དཔྲལ་བ་ལ་རྟགས་རྒྱབ་ཏུ་འཇུག་གོ། ༡༧ དེ་ནི་གཅན་གཟན་གྱི་མིང་ངམ། དེའི་མིང་གི་གྲངས་ཀ་ཡོད་པ་རྣམས་ཀྱིས་མ་གཏོགས་ཉོ་འཚོང་བྱེད་མི་ཆོག་པའི་ཕྱིར་རོ། ༡༨ འདི་རུ་ཤེས་རབ་དགོས་སོ། འདི་ནི་མིའི་གྲངས་ཀ་ཡིན་ཅིང་། གྲངས་ཀ་ནི་དྲུག་བརྒྱ་དྲུག་ཅུ་རེ་དྲུག་གོ། བློ་གྲོས་ཡོད་པ་དེས་གཅན་གཟན་གྱི་གྲངས་ཀ་རྩིས་ཤིག།