༡༢
ཡང་ནམ་མཁའི་ནང་ལྟས་ཆེན་པོ་ཞིག་མཐོང་བྱུང་། ཉི་མ་གྱོན་ཞིང་རྐང་འོག་ཏུ་ཟླ་བ་ཡོད་དེ་མགོ་ལ་སྐར་མ་བཅུ་གཉིས་ཀྱི་གཙུག་རྒྱན་ཡོད་པའི་བུད་མེད་གཅིག་འདུག་སྟེ།  མོ་མངལ་དང་ལྡན་ནས་བུ་སྐྱེ་བའི་སྐྱེ་གཟེར་གྱིས་ངུ་འབོད་འདོན་ནོ།  དེ་ནས་ནམ་མཁར་ལྟས་གཞན་ཞིག་མཐོང་བྱུང་། མགོ་བདུན་དང་ར་ཅོ་བཅུ་ཡོད་པའི་འབྲུག་དམར་པོ་ཆེན་པོ་ཞིག་འདུག་དེའི་མགོ་ལ་གཙུག་རྒྱན་བདུན་འདུག  དེས་ནམ་མཁའི་སྐར་མའི་གསུམ་ཆ་གཅིག་རྔ་མ་བརྒྱབས་ནས་ས་ལ་ཕངས་ནས། སྐྱེ་རྒྱུ་ཡོད་པའི་བུད་མེད་ཀྱི་མདུན་དུ་བུ་དེ་སྐྱེ་བ་དང་ཟ་བའི་ཕྱིར་བསྡད་དོ།  བུ་མོ་དེ་ལ་ལྕགས་ཀྱི་དབྱུག་པས་མི་བརྒྱུད་ཐམས་ཅད་ལ་དབང་སྒྱུར་བའི་སྲས་བུ་དེ་བལྟམས་ནས། སྲས་དེ་དཀོན་མཆོག་དང་ཁོང་གི་རྒྱལ་ཁྲིའི་དྲུང་དུ་དྲངས་སོ།  མོ་ནི་ཞག་ཆིག་སྟོང་ཉིས་བརྒྱ་དང་དྲུག་ཅུའི་བར་གསོ་སྐྱོང་གི་ཕྱིར་དཀོན་མཆོག་གིས་འབྲོག་སྟོང་དུ་བཤམས་ཡོད་པའི་གནས་སུ་བྲོས་སོ༎
 དེ་ནས་ནམ་མཁའི་ནང་དམག་བྱུང་ནས། ཕོ་ཉ་མཆོག་མི་ཀ་ཨེལ་དང་དེའི་ཕོ་ཉ་རྣམས་འབྲུག་ལ་དམག་འདྲེན་དུ་འཐོན་པ་དང་། འབྲུག་དང་དེའི་ཕོ་ཉ་རྣམས་ཀྱིས་འཐབ་སྟེ།  ཕམ་པས་ཕྱིན་ཆད་ནམ་མཁའ་རུ་གནས་ས་མ་ཐོབ་བོ།  སྦྲུལ་རྒན་ནམ་བདུད་དམ་སཱ་ཏན་ནམ་འཇིག་རྟེན་ཐམས་ཅད་སླུ་མཁན་བྱ་བའི་འབྲུག་ཆེན་པོ་ཁོའི་ཕོ་ཉ་རྣམས་དང་བཅས་ས་ལ་མར་ཕངས་སོ། ༡༠ ཡང་ནམ་མཁའ་ནས་སྒྲ་ཞིག་གིས། ང་ཚོའི་དཀོན་མཆོག་གི་དྲུང་དུ་ང་ཚོའི་སྤུན་རྣམས་ལ་ཉིན་མཚན་མེད་པར་སྙད་འདོགས་མཁན་དེ་མར་ཕངས་པས་ན། ང་ཚོའི་དཀོན་མཆོག་གི་ཐར་པ་དང་། མཐུ་སྟོབས་དང་། རྒྱལ་སྲིད་དང་། ཁོང་གི་མཱ་ཤི་ཀའི་དབང་ཆ་བསླེབས་སོ། ༡༡ སྤུན་རྣམས་ཀྱིས་རང་གི་སྲོག་ལ་མི་བལྟ་བར་ལུག་གུའི་སྐུ་ཁྲག་དང་། དཔང་པོ་བྱེད་པའི་བཀའི་སྒོ་ནས་དེ་ལས་རྒྱལ་ཏོ། ༡༢ དེའི་ཕྱིར་ནམ་མཁའ་དང་དེའི་ནང་གནས་པ་ཐམས་ཅད་དགའ་མགུ་རངས་ཤིག འོན་ཀྱང་སྐམ་ས་དང་རྒྱ་མཚོ་སྙིང་རེ་རྗེ། ཡུན་ཐུང་ངུ་ལས་མེད་པར་ཤེས་པས་བདུད་ཁྲོ་བའི་ངང་ནས་ཁྱེད་ཀྱི་རྩར་མར་སོང་ངོ་ཞེས་འབོད་བསྒྲགས་པ་ངས་ཐོས་སོ༎
༡༣ འབྲུག་གིས་རང་ས་ལ་ཕངས་པ་མཐོང་ནས། སྲས་བུ་བལྟམས་པའི་བུད་མེད་ལ་བདས་སོ། ༡༤ འོན་ཀྱང་མོ་ལ་སྦྲུལ་ལས་བྲོས་པའི་ཕྱིར་ཁྱུང་ཆེན་པོའི་གཤོག་པ་གཉིས་ཐོབ་ནས་འབྲོག་སྟོང་དུ་ལོ་ཕྱེད་དང་བཞིའི་༼མ་ཡིག་ཏུ་དུས་ཤིག་དང་། དུས་རྣམས་དང་། དུས་ཕྱེད་མ་འདས་པའི་༽བར་དུ་གསོ་སྐྱོང་འབྱུང་བའི་གནས་སུ་ཕུར་ཏོ། ༡༥ ཆུས་འཁྱེར་བའི་ཕྱིར་སྦྲུལ་དེས་མོའི་རྒྱབ་ནས་གཙང་པོ་དང་འདྲ་བའི་ཆུ་ཁ་ནས་ཕོས་པ་དང་། ༡༦ ས་ཡིས་མོ་ལ་ར་མདའ་བྱས་ཏེ་ཁ་ཕྱེ་ནས། འབྲུག་གིས་ཁ་ལས་ཕོས་པའི་གཙང་པོ་ཁྱུར་མིད་བྱས་སོ། ༡༧ ཡང་འབྲུག་དེ་མོ་ལ་ཤིན་ཏུ་ཁྲོས་ནས། མོའི་བརྒྱུད་ལྷག་མ་དཀོན་མཆོག་གི་བཀའ་སྲུང་ཞིང་། ཡེ་ཤུ་ལ་དཔང་པོ་བྱེད་པ་རྣམས་ལ་དམག་འདྲེན་དུ་སོང་ངོ་། ཡང་རྒྱ་མཚོའི་བྱེ་འགྲམ་ཁར་ལངས་ནས་བསྡད་དོ༎