༡༡
དེ་ནས་ང་ལ་དབྱུག་པ་དང་འདྲ་བའི་རིང་ཐུང་འཇལ་བའི་ཤིང་ཞིག་གནང་ནས། ལོངས་ལ་དཀོན་མཆོག་གི་མཆོད་ཁང་དང་། མཆོད་ཁྲི་དང་། དེར་བསྙེན་བཀུར་བྱེད་པ་རྣམས་འཇོལ་ཞིག  མཆོད་ཁང་གི་ཕྱི་རོལ་གྱི་སྡེ་ཡངས་ཕྱི་པ་རྣམས་ལ་གནང་བས། རྒྱལ་ས་དམ་པ་ཟླ་བ་ཞེ་གཉིས་ཀྱི་བར་དུ་དེ་རྣམས་ཀྱི་རྐང་པས་རྫི་བར་འགྱུར་བས། དེ་ཞོག་ལ་མ་འཇལ་ཞིག  ངས་ཉིད་ཀྱི་དཔང་པོ་གཉིས་ལ་རེ་སྣམ་གྱོན་ཞིང་ཉིན་ཞག་ཆིག་སྟོང་ཉིས་བརྒྱ་དྲུག་ཅུ་ལུང་སྟོན་པའི་དབང་གནང་བར་འགྱུར་ཞེས་ང་ལ་གསུངས་བྱུང་།  འདི་གཉིས་པོ་ནི་ས་གཞིའི་གཙོ་བོའི་དྲུང་དུ་འགྲེང་བའི་ཁ་སྐྱུར་པོའི་སྡོང་པོ་གཉིས་དང་ལ་སྟེགས་གཉིས་པོའོ།  དེ་ལ་སུས་གནོད་འཚེ་བྱེད་ན། ཞལ་ནས་མེ་འཐོན་ཏེ་དགྲ་རྣམས་སྲེག་པར་བྱེད་དོ། སུས་ཇི་ལྟར་གནོད་འཚེ་བྱེད་པ་དེ་ལྟར་དེ་འཆི་བར་འགྱུར།  ལུང་བསྟན་པའི་ཞག་རྣམས་ནང་ཆར་པ་མི་འབབ་པའི་ཕྱིར་གནམ་གྱི་སྒོ་གཅོད་པའི་དབང་དང་། ཆུ་ཁྲག་ཏུ་སྒྱུར་བ་དང་། ལན་ཙམ་འདོད་ཀྱང་ས་གཞི་ལ་ནད་ཡམས་སྣ་ཚོགས་གཏོང་བའི་དབང་ཡོད་དོ།  དཔང་པོ་བྱས་ཟིན་པ་དང་། གཏིང་མཐའ་མེད་པའི་དོང་ལས་འཐོན་པའི་སེམས་ཅན་གྱིས་འཐབ་ཅིང་རྒྱལ་ནས་དེ་གཉིས་གསོད་པར་བྱའོ།  གང་དུ་དེ་དག་གཙོ་བོ་རྒྱང་ཤིང་བརྐྱངས་པ། དཔེ་བརྗོད་དུ་སོ་དོམ་དང་མི་སེར་བྱ་བའི་གྲོང་ཁྱེར་ཆེན་པོའི་ལམ་སྲང་དུ་དེ་གཉིས་ཀྱི་སྤུར་ལུས་པར་འགྱུར་རོ།  ཞག་ཕྱེད་དང་བཞིའི་བར་དུ་མི་སྡེ་དང་མི་རིགས་དང་སྐད་རིགས་དང་མི་བརྒྱུད་རྣམས་ཀྱིས་སྤུར་ལ་བལྟ་ཞིང་དུར་དུ་འཇུག་པར་མི་གཏང་ངོ་། ༡༠ ལུང་སྟོན་པ་འདི་གཉིས་ཀྱི་རྐྱེན་གྱིས་འཇིག་རྟེན་པ་རྣམས་མནར་བས། འཇིག་རྟེན་པ་རྣམས་ཁོང་བསད་པས་དགའ་ཞིང་སྐྱིད་ཅིང་ཕན་ཚུན་ལག་རྟགས་སྐུར་བར་འགྱུར་རོ། ༡༡ ཞག་ཕྱེད་དང་བཞིའི་འོག་ཏུ། དཀོན་མཆོག་ལས་དབུགས་འབྱུང་སྟེ་དེ་གཉིས་ཀྱི་ནང་དུ་ཞུགས་ནས། རྐང་པ་བཙུགས་ནས་ལངས་པ་དང་། དེ་མཐོང་བ་རྣམས་འཇིགས་སྐྲགས་པ་ངས་མཐོང་སྟེ། ༡༢ ནམ་མཁའ་ནས་སྒྲ་ཞིག་གིས་སྟེང་དུ་ཤོག་ཅིག་ཅེས་འབོད་བསྒྲག་པ་ཐོས་ནས། དགྲ་བོ་རྣམས་ཀྱི་མཐོང་སར་སྤྲིན་གྱི་ནང་ལ་ནམ་མཁར་འཕགས་སོ། ༡༣ དེའི་ཚེ་ས་གཡོ་བ་ཆེན་པོ་ཞིག་བྱུང་ནས། གྲོང་ཁྱེར་དེའི་བཅུ་ཆ་གཅིག་བརྡིབས་སོ། ས་གཡོ་དེས་མི་སྟོང་ཕྲག་བདུན་བསད་པ་དང་། ལྷག་མ་རྣམས་ཀྱིས་འཇིགས་ནས་ནམ་མཁའི་དཀོན་མཆོག་ལ་ཕྱག་བཙལ་ཏོ༎
༡༤ སྡུག་བསྔལ་གཉིས་པ་དེ་རྫོགས་སོ། སྡུག་བསྔལ་གསུམ་པ་དེ་མྱུར་དུ་འོང་།
༡༥ ཕོ་ཉ་བདུན་པས་དུང་ཕུས་པ་དང་། ནམ་མཁའ་རུ་སྒྲ་ཆེན་པོ་རེས། འཇིག་རྟེན་ང་ཚོའི་གཙོ་བོ་དང་ཁོང་གི་མཱ་ཤི་ཀའི་རྒྱལ་སྲིད་དུ་གྱུར་པས། ཁོང་གིས་དུས་རྒྱུན་ནས་རྒྱུན་དུ་སྲིད་སྐྱོང་བར་འགྱུར་རོ་ཞེས་གསུངས་སོ། ༡༦ དཀོན་མཆོག་གི་དྲུང་དུ་ཁྲི་ལ་འཁོད་པའི་རྒན་པོ་ཉེར་བཞིས་བརྡབས་ཕྱག་བཙལ་ཏེ། ༡༧ ད་ལྟ་བཞུགས་པ་དང་སྔར་མཆིས་པའི་གཙོ་བོ་དཀོན་མཆོག་ཀུན་དབང་ལགས། ཁྱེད་ཀྱིས་ཉིད་ཀྱི་དབང་ཆེན་པོ་དེ་བཞེས་ནས་རྒྱལ་སྲིད་བསྐྱངས་པས། ང་ཚོས་གཏང་རག་འབུལ་ལོ། ༡༨ མི་བརྒྱུད་རྣམས་ཁྲོས་ཀྱང་། ཁྱེད་ཀྱི་ཐུགས་ཁྲོ་དང་། གཤིན་པོའི་ཞལ་ཆེ་གཅོད་པ་དང་། ཁྱེད་ཀྱི་ཞབས་ཕྱི་དང་ལུང་སྟོན་པ་དང་སྐྱེས་བུ་དམ་པ་དང་ཁྱེད་ཀྱི་མཚན་ལ་བག་བྱེད་མཁན་ཆེ་ཆུང་ཐམས་ཅད་ལ་རྔན་པ་གནང་བ་དང་། ས་གཞི་བརླག་པ་རྣམས་བརླག་པར་མཛད་པའི་དུས་ལ་བབས་སོ་ཞེས་ཞུས་སོ༎
༡༩ དེ་ནས་དཀོན་མཆོག་གི་ནམ་མཁའི་མཆོད་ཁང་ཕྱེས་ནས། མཆོད་ཁང་གི་ནང་ན་ཁོང་གི་ཞལ་ཆད་ཀྱི་སྒྲོམ་དེ་མངོན་ཏེ། གློག་འཁྱུག་པ་དང་། འབྲུག་སྒྲ་དང་། ས་གཡོ་བ་དང་། སེར་བ་ཆེན་པོ་བྱུང་ངོ་༎