༡༠
ཡང་ཕོ་ཉ་མཐུ་ལྡན་ཞིག་ནམ་མཁའ་ལས་འབབ་པ་ངས་མཐོང་བྱུང་། དབུ་ཐོག་ཏུ་འཇའ་དང་ན་བཟའ་ལ་སྤྲིན་ཞིག་གསོལ་ཏེ། ཞལ་གདོང་ནི་ཉི་མ་ལྟ་བུ་དང་། ཞབས་ཟུང་མེའི་ཀ་བ་ལྟར་ཡོད་དོ།  ཕྱག་ཏུ་ཕྱེས་ཡོད་པའི་ཤོག་སྒྲིལ་ཆུང་ངུ་ཞིག་ཡོད་དེ། ཞབས་གཡས་པ་རྒྱ་མཚོ་དང་། ཞབས་གཡོན་པ་སྐམ་ས་ལ་བགྲད་ཅིང་།  སེང་གེའི་ངར་སྐད་ལྟར་གསུང་སྐད་ཆེན་པོས་འབོད་བསྒྲགས་པས། འབྲུག་བདུན་པོས་སྒྲ་བཏོན་ནོ།  འབྲུག་བདུན་པོས་སྐད་བཏོན་ནས། ངས་འབྲི་རུ་བརྩམས་པ་དང་། ནམ་མཁའ་ལས་སྒྲ་ཞིག་གིས། འབྲུག་བདུན་པོས་སྨྲས་པ་རྣམས་མི་འབྲི་བར་གསང་ནས་ཞོག་ཅེས་གསུང་བ་ཐོས་སོ།  ངས་མཐོང་བའི་རྒྱ་མཚོ་དང་སྐམ་ས་ལ་ཞབས་བགྲད་པའི་ཕོ་ཉས་ཕྱག་གཡས་པ་གནམ་ལ་བཏེགས་ཏེ།  རྒྱུན་དུ་གསོན་པོར་བཞུགས་པ། ནམ་མཁའ་དང་དེའི་ནང་ཡོད་པ། ས་གཞི་དང་དེའི་ནང་ཡོད་པ། རྒྱ་མཚོ་དང་དེའི་ནང་ཡོད་པ་ཐམས་ཅད་ཀྱི་བཀོད་པ་པོའི་མནའ་བསྐྱལ་ཏེ། ད་མི་འགོར་བར།  ཕོ་ཉ་བདུན་པས་དུང་སྐད་འདོན་པའི་ཚེ། ཉིད་ཀྱི་ཞབས་ཕྱི་དང་ལུང་སྟོན་པ་རྣམས་ལ་བསྟན་པའི་དཀོན་མཆོག་གི་གསང་བ་དེ་འགྲུབ་པར་འགྱུར་ཞེས་གསུངས་སོ༎
 སྔར་ནམ་མཁའ་ལས་ཐོས་པའི་སྒྲ་དེས་སླར་ང་ལ། སོང་ལ་རྒྱ་མཚོ་དང་སྐམ་སར་ཞབས་བགྲད་པའི་ཕོ་ཉའི་ཕྱག་ནས་ཕྱེས་ཡོད་པའི་ཤོག་སྒྲིལ་དེ་ལེན་ཅིག་ཅེས་གསུངས་པས།  ཕོ་ཉའི་དྲུང་དུ་སོང་ནས་ཤོག་སྒྲིལ་ཆུང་ངུ་དེ་ང་ལ་གནོང་ཞིག་ཅེས་ཞུས་ནས། ཕོ་ཉས། ལེན་ལ་ཟོ་ཞིག ལྟོ་བ་ལ་ཁ་ཡང་། ཁ་ལ་སྦྲང་རྩི་ལྟར་མངར་རོ་ཞེས་གསུངས་པ་དང་། ༡༠ ཕོ་ཉའི་ཕྱག་ནས་ཤོག་སྒྲིལ་ཆུང་ངུ་དེ་བླངས་ནས་ཟོས་པ་ལས། ཁ་ལ་སྦྲང་རྩི་ལྟར་མངར་ཡང་ཟ་ཟིན་པ་དང་ལྟོ་བ་ཁ་བར་གྱུར་ཏོ། ༡༡ ཡང་སླར་ཡང་ངས་མི་སྡེ་དང་མི་བརྒྱུད་དང་སྐད་རིགས་སོ་སོ་དང་རྒྱལ་པོ་རྣམས་ལ་ལུང་བསྟན་པར་དགོས་ཞེས་ང་ལ་གསུངས་བྱུང་ངོ་༎