ཕོ་ཉ་ལྔ་པས་དུང་བུས་པ་དང་། སྐར་མ་ཞིག་གནམ་ནས་ས་ལ་ལྷུང་ཡོད་པ་ངས་མཐོང་ངོ་། སྐར་མ་དེ་ལ་གཏིང་མཐའ་མེད་པའི་དོང་གི་ལྡེ་མིག་ཐོབ་པ་དང་།  དོང་ཕྱེས་པ་ལས། མེ་ཐབ་ཆེན་པོའི་དུ་བ་ལྟ་བུ་ཐོན་ཏེ། ཉི་མ་དང་རླུང་མུན་ནག་ཏུ་གྱུར་ཏོ།  དུ་བ་དེ་ལས་ས་ལ་ཆ་ག་འབུ་རྣམས་བྱུང་སྟེ། ས་གཞིའི་སྡིག་པ་རྭ་ཅན་ལ་ཡོད་པའི་ནུས་པ་ལྟ་བུ་དེ་རྣམས་ལ་ཐོབ་བོ།  ས་ལ་ཡོད་པའི་རྩྭའམ། སྔོའམ། སྐྱེ་ཤིང་ལ་མི་གནོད་པར། དཔྲལ་བ་ལ་དཀོན་མཆོག་གི་ཕྱག་ཐམ་མེད་པ་འབའ་ཞིག་ལ་གནོད་ཕྱིར་བསྒོས་ཤིང་།  དེའང་དེ་རྣམས་མི་གསོད་པར་ཟླ་བ་ལྔའི་བར་དུ་སྡིག་པ་རྭ་ཅན་གྱིས་མི་ལ་མདུང་རྒྱབ་པ་ལྟ་བུར་མནར་བར་བྱེད་པར་གནང་ངོ་།  དེའི་ཚེ་མི་རྣམས་ཀྱིས་འཆི་བ་འཚོལ་ཡང་མི་ཐོབ་ཅིང་། འཆི་བ་འདོད་ཀྱང་འཆི་བ་ནི་དེ་རྣམས་ལས་འབྲོས་པར་འགྱུར།
 ཆ་ག་འབུ་དེ་རྣམས་ཀྱི་དབྱིབས་ནི། དམག་གི་ཕྱིར་ཤོམས་པའི་རྟ་འདྲ་ཞིང་། མགོ་ལ་གསེར་གྱི་གཙུག་རྒྱན་ལྟ་བུ་དང་། གདོང་ནི་མི་ལྟ་བུ་ཡོད་དོ།  སྐྲ་ནི་བུད་མེད་ཀྱི་སྐྲ་ལྟ་བུ་དང་། སོ་ནི་སེང་གེའི་སོ་ལྟ་བུ་འོ།  ཤུན་པ་ནི་ལྕགས་ཀྱི་ཁྲབ་ལྟ་བུ་དང་། ཤོག་པའི་འུར་སྒྲ་ནི་ཕ་རོལ་པོའི་རུ་ཕྱོགས་སུ་ཤིང་རྟ་མང་པོའི་རྟ་རྣམས་རྒྱུག་པའི་དིར་སྒྲ་ལྟ་བུའོ། ༡༠ སྡིག་པ་རྭ་ཅན་དང་འདྲ་བའི་རྔ་མ་དང་མདུང་ཡོད་དེ། རྔ་མའི་ནང་ལ་ཟླ་བ་ལྔའི་བར་དུ་ཟུག་གཟེར་བྱུང་བའི་ཤུགས་ཡོད་དོ། ༡༡ དོང་གི་ཕོ་ཉ་ནི་དེ་རྣམས་ཀྱི་ཐོག་ཏུ་རྒྱལ་པོ་ཡིན་ཏེ། དེའི་མིང་ལ་ཨིབ་རིའི་སྐད་དུ་ཨ་བཱ་དོན་དང་། ཧེལ་ལེན་སྐད་དུ་ཨ་ཕོལ་ལོན། ༼བོད་སྐད་དུ་འཇིག་བྱེད་༽ཟེར་རོ༎
༡༢ སྡུག་བསྔལ་དང་པོ་དེ་རྫོགས་སོ། ད་དུང་སྡུག་བསྔལ་གཉིས་འབྱུང་བར་འགྱུར་རོ༎
༡༣ ཕོ་ཉ་དྲུག་པས་དུང་བུས་པ་དང་། དཀོན་མཆོག་གི་དྲུང་དུ་ཡོད་པའི་གསེར་གྱི་མཆོད་ཁྲིའི་རུ་བ་བཞི་ལས་སྒྲ་ཞིག་གིས། ༡༤ དུང་ཡོད་པའི་ཕོ་ཉ་དྲུག་པ་ལ། གཙང་པོ་ཆེན་པོ་ཡུབ་རཱད་དུ་བཅིངས་ཡོད་པའི་ཕོ་ཉ་བཞི་པོ་དེ་ཁྲོལ་ཞིག་ཅེས་གསུང་བ་ངས་ཐོས་སོ། ༡༥ མི་རྣམས་ཀྱི་གསུམ་ཆ་གཅིག་གསོད་པའི་དོན་དུ་ལོ་དང་ཟླ་བ་དང་ཞག་དང་ཆུ་ཚོད་དེའི་ཕྱིར་བཤམས་ཡོད་པའི་ཕོ་ཉ་བཞི་པོ་བཀྲོལ་ཏོ། ༡༦ རྟ་དམག་རྣམས་ཀྱི་གྲངས་ནི་དུང་ཕྱུར་གཉིས་ཡོད་པ་ངས་ཐོས་སོ། ༡༧ ངས་མཐོང་སྣང་དུ་མཐོང་བའི་རྟ་དང་རྟ་པ་རྣམས་འདི་ལྟ་སྟེ། མིའི་ཁྲབ་ནི་མེ་དང་གནམ་དང་མུ་ཟིའི་མདོག་འདྲ་བ་དང་། རྟ་རྣམས་ཀྱི་མགོ་ནི་སེང་གེའི་མགོ་དང་འདྲ་སྟེ། ཁ་ནས་མེ་དང་དུ་བ་དང་མུ་ཟི་འཐོན་ནོ། ༡༨ མེ་དང་དུ་བ་དང་མུ་ཟིའི་ནད་ཡམས་ཀྱིས་མི་རྣམས་ཀྱི་གསུམ་ཆ་གཅིག་བསད་དོ། ༡༩ རྟ་རྣམས་ཀྱི་སྟོབས་ནི་ཁ་དང་རྔ་མའི་ནང་ཡོད་དེ། རྔ་མ་ནི་མགོ་ཡོད་པའི་སྦྲུལ་དང་འདྲ་ཞིང་དེས་གནོད་འཚེ་གཏོང་ངོ་༎
༢༠ ནད་ཡམས་འདིས་ཀྱང་མ་ཤི་བའི་མི་ལྷག་མ་རྣམས་ཀྱིས། འདྲེ་དང་། གསེར་དངུལ་ར་གན་རྡོ་ཤིང་ལ་བཟོས་པའི་མཐོང་ཐོས་འགྲུལ་མི་ཐུབ་པའི་སྐུ་འདྲ་ལ་བསྙེན་བཀུར་བྱེད་ཅིང་། རང་གི་ལག་པའི་ལས་ལས་སེམས་མ་བསྒྱུར་ཏོ། ༢༡ མི་གསོད་པ་དང་། ངན་སྔགས་དང་། ལོག་གཡེམ་དང་། རྐུ་བ་ལས་ཀྱང་འགྱོད་ཚངས་མ་བྱས་སོ༎