ཕྱག་ཐམ་བདུན་པ་དེ་གཅོག་པར་མཛད་པའི་ཚེ། ཆུ་ཚོད་ཕྱེད་ཙམ་ནམ་མཁའི་ནང་འཇམ་ཐིང་ངེ་བ་ཞིག་བྱུང་ངོ་༎
 ཡང་དཀོན་མཆོག་གི་སྐུ་མདུན་དུ་ལངས་ཏེ་སྡོད་པའི་ཕོ་ཉ་བདུན་པོར་དུང་བདུན་གནང་བ་ངས་མཐོང་ངོ་།  ཡང་གསེར་གྱི་བསངས་ཕོར་ཐོགས་པའི་ཕོ་ཉ་གཞན་ཞིག་འོངས་ནས། མཆོད་ཁྲིའི་རྩར་འགྲེང་བ་དང་། དམ་པ་རྣམས་ཀྱི་སྨོན་ལམ་དང་བཅས་རྒྱལ་ཁྲིའི་དྲུང་དུ་ཡོད་པའི་གསེར་གྱི་མཆོད་ཁྲིའི་ཁར་འབུལ་བའི་ཕྱིར། བདུག་སྤོས་མང་པོ་ཐོབ་པ་དང་།  ཕོ་ཉའི་ཕྱག་ནས་བདུག་སྤོས་ཀྱི་དུ་བ་ནི་དམ་པ་རྣམས་ཀྱི་སྨོན་ལམ་དང་བཅས་པ་དཀོན་མཆོག་གི་སྤྱན་སྔར་བསླེབས་སོ།  ཕོ་ཉ་དེས་བསངས་ཕོར་བླངས་ནས། མཆོད་ཁྲིའི་མེས་བཀང་ནས། ས་ལ་གཏོར་བ་དང་། འབྲུག་སྒྲ་ལྡིར་བ་དང་། གློག་འཁྱུག་པ་དང་། ས་གཡོ་བ་བྱུང་ངོ་༎
 དུང་བདུན་ཡོད་པའི་ཕོ་ཉ་བདུན་པོས་དུང་འབུད་པར་བརྩམས་སོ༎
 དང་པོ་དེས་དུང་བུས་པ་དང་། ཁྲག་འདྲེས་པའི་སེར་བ་དང་མེ་ས་ལ་ཕབ་ནས། ས་གཞིའི་གསུམ་ཆ་གཅིག་མེས་ཚིག་སྟེ། སྐྱེ་ཤིང་གི་གསུམ་ཆ་གཅིག་ཚིག་ནས། སྔོ་ཐམས་ཅད་ཚིག་གོ།
 ཕོ་ཉ་གཉིས་པས་དུང་བུས་པ་དང་། མེ་འབར་བའི་རི་ཆེན་པོ་འདྲ་བ་ཞིག་རྒྱ་མཚོར་ཕངས་ནས། རྒྱ་མཚོའི་གསུམ་ཆ་གཅིག་ཁྲག་ཏུ་གྱུར་ཏེ།  རྒྱ་མཚོའི་ནང་ཡོད་པའི་སེམས་ཅན་གསུམ་ཆ་གཅིག་ཤི་སྟེ། གྲུ་རྣམས་ཀྱི་གསུམ་ཆ་གཅིག་བཞིག་གོ།
༡༠ ཕོ་ཉ་གསུམ་པས་དུང་བུས་པ་དང་། སྤ་འབར་ལྟར་འབར་བའི་སྐར་མ་ཆེན་པོ་ཞིག་གཙང་པོ་རྣམས་ཀྱི་གསུམ་ཆ་གཅིག་དང་ཆུ་མིག་རྣམས་ཀྱི་ཐོག་ཏུ་ནམ་མཁའ་ནས་ལྷུང་ངོ་༎
༡༡ སྐར་མ་དེའི་མིང་ལ་ཁན་པ་བྱ་སྟེ། ཆུ་རྣམས་ཀྱི་གསུམ་ཆ་གཅིག་ཁན་པ་ལ་གྱུར་ནས་ཆུའི་རོ་ཁ་བར་གྱུར་པའི་རྐྱེན་གྱིས་མི་མང་པོ་ཤིའོ༎
༡༢ ཕོ་ཉ་བཞི་པས་དུང་བུས་པ་དང་། ཉི་མའི་གསུམ་ཆ་གཅིག་དང་། ཟླ་བའི་གསུམ་ཆ་གཅིག་དང་། སྐར་མའི་གསུམ་ཆ་གཅིག་ལ་ཕོག་ནས། དེ་རྣམས་ཀྱི་གསུམ་ཆ་གཅིག་མུན་ནག་ཏུ་གྱུར་ཏེ། ཉིན་མོའི་གསུམ་ཆ་གཅིག་དང་དེ་བཞིན་དུ་མཚན་མོའི་གསུམ་ཆ་གཅིག་ལ་འོད་མ་ཤར་ཏོ༎
༡༣ ཡང་ངས་བལྟས་པ་དང་། གནམ་གྱི་དཀྱིལ་ལ་ཁྲུང་ཞིག་ལྡིང་ཞིང་སྐད་ཆེན་པོས། ཕོ་ཉ་གཞན་གསུམ་གྱིས་དུང་འབུད་པའི་ཚེ། ས་གཞི་ལ་གནས་པ་རྣམས་ལ་སྙིང་རེ་རྗེ། སྙིང་རེ་རྗེ། སྙིང་རེ་རྗེ་ཞེས་ཟེར་བ་ངས་ཐོས་སོ༎