༧
དེའི་རྗེས་སུ་ས་གཞིའི་གྲུ་བཞི་རུ་ཕོ་ཉ་བཞི་འགྲེང་བ་མཐོང་བྱུང་། སའམ་རྒྱ་མཚོ་འམ། སྐྱེ་ཤིང་གང་གི་ཐོག་ཏུའང་རླུང་མི་རྒྱུག་པའི་ཕྱིར། དེ་རྣམས་ཀྱིས་ས་གཞིའི་རླུང་བཞི་པོ་འགེགས་ཡོད་དོ། ༢ དཀོན་མཆོག་གསོན་པོའི་ཕྱག་ཐམ་འཁྱེར་བའི་ཕོ་ཉ་གཞན་ཞིག་ཤར་ཕྱོགས་ནས་ཡར་འོང་བ་ངས་མཐོང་བྱུང་། དེས་སྐམ་མཚོ་གཉིས་ལ་གནོད་པའི་དབང་ཐོབ་པའི་ཕོ་ཉ་བཞི་པོ་ལ་སྐད་ཆེན་པོས། ༣ ང་ཚོའི་དཀོན་མཆོག་གི་ཞབས་ཕྱི་རྣམས་ཀྱི་དཔྲལ་བ་ལ་ཕྱག་ཐམ་མ་རྒྱབ་པའི་བར་དུ། སའམ། རྒྱ་མཚོ་འམ། སྐྱེ་ཤིང་ལ་གནོད་པ་མ་བྱེད་ཅིག་ཅེས་འབོད་བསྒྲགས་སོ། ༤ ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱི་སྡེ་ཐམས་ཅད་ཀྱི་ནང་ནས་ཕྱག་ཐམ་ཕོག་པའི་གྲངས་ཆིག་འབུམ་བཞི་ཁྲི་བཞི་སྟོང་ཡོད་པ་ངས་ཐོས་བྱུང་། ༥ ཕྱག་ཐམ་བརྒྱབ་པ་ནི། ཡུ་དཱའི་སྡེ་ལས་སྟོང་བཅུ་གཉིས། རུ་བེན་གྱི་སྡེ་ལས་སྟོང་བཅུ་གཉིས། གད་ཀྱི་སྡེ་ལས་སྟོང་བཅུ་གཉིས། ༦ ཨ་ཤེར་གྱི་སྡེ་ལས་སྟོང་བཅུ་གཉིས། ནབ་ཐ་ལིའི་སྡེ་ལས་སྟོང་བཅུ་གཉིས། མ་ན་ཤེའི་སྡེ་ལས་སྟོང་བཅུ་གཉིས། ༧ ཤིམ་ཨོན་གྱི་སྡེ་ལས་སྟོང་བཅུ་གཉིས། ལེ་ཝིའི་སྡེ་ལས་སྟོང་བཅུ་གཉིས། ཨི་ས་གར་གྱི་སྡེ་ལས་སྟོང་བཅུ་གཉིས། ༨ ཟེ་བུ་ལོན་གྱི་སྡེ་ལས་སྟོང་བཅུ་གཉིས། ཡོ་སེབ་ཀྱི་སྡེ་ལས་སྟོང་བཅུ་གཉིས། བེན་ཡ་མིན་གྱི་སྡེ་ལས་སྟོང་བཅུ་གཉིས་སོ༎༩ དེའི་རྗེས་སུ་ངས་བལྟས་པ་དང་། མི་བརྒྱུད་དང་། སྡེ་དང་། མི་རིགས་དང་། སྐད་རིགས་ཐམས་ཅད་ལས་ཡིན་པའི་སུས་ཀྱང་རྩིར་མི་ནུས་པའི་ཚོགས་ཆེན་པོ་ཞིག གོས་དཀར་པོ་གོན་ཏེ། ཁ་ཟུར་གྱི་ཡལ་ག་ལག་ཏུ་ཐོགས་ཤིང་། རྒྱལ་ཁྲི་དང་ལུག་གུའི་ཞལ་ངོར་ལངས་ནས། ༡༠ སྐད་ཆེན་པོས། ཐར་པ་ནི་རྒྱལ་ཁྲིར་བཞུགས་པའི་ང་ཚོའི་དཀོན་མཆོག་དང་ལུག་གུ་ནས་བྱུང་ངོ་ཞེས་འབོད་བསྒྲགས་སོ། ༡༡ ཕོ་ཉ་ཐམས་ཅད་རྒྱལ་ཁྲི་དང་རྒན་པོ་དང་སེམས་ཅན་བཞི་པོར་འཁོར་ཡོད་པ་དང་། རྒྱལ་ཁྲིའི་མདུན་དུ་དཀོན་མཆོག་ལ་བརྡབ་ཕྱག་འཚལ་ཞིང་། ༡༢ ཨ་མེན། བསྟོད་པ་དང་། དཔལ་དང་། ཡེ་ཤེས་དང་། གཏང་རག་དང་། ཞེ་ས་དང་། མངའ་ཐང་དང་མཐུ་སྟོབས་ང་ཚོའི་དཀོན་མཆོག་ལ་དུས་རྒྱུན་ནས་རྒྱུན་དུ་འབུལ་ལོ། ཨ་མེན། ཞེས་བརྗོད་དོ༎
༡༣ རྒན་པོ་གཅིག་གིས་ང་ལ། གོས་དཀར་པོ་གྱོན་པ་འདི་རྣམས་སུ་ཡིན་གང་ནས་འོངས་གསུངས་པ་དང་ངས། ༡༤ ཁྱེད་ཀྱིས་མཁྱེན་ནོ་ཞུས་པས་ཁོང་གིས། འདི་རྣམས་ནི་སྡུག་བསྔལ་དྲག་པོ་ལས་ཐོན་ཏེ། ལུག་གུའི་སྐུ་ཁྲག་གི་ནང་དུ་རང་གི་གོས་བཀྲུས་ནས་དཀར་པོ་བྱས་པ་རྣམས་ཡིན། ༡༥ དེའི་ཕྱིར་དཀོན་མཆོག་གི་རྒྱལ་ཁྲིའི་དྲུང་དུ་ཡོད་དེ། དེ་རྣམས་ཀྱིས་ཁོང་གི་མཆོད་ཁང་ནང་ཉིན་མཚན་མེད་པར་ཁོང་ལ་ཞབས་ཏོག་འབུལ་ལོ། རྒྱལ་ཁྲི་ལ་བཞུགས་པ་ཁོང་གིས་དེ་རྣམས་ཀྱི་སྟེང་དུ་ཉིད་ཀྱི་གུར་འཕུབ་པར་འགྱུར་རོ། ༡༦ ད་ཕྱིན་ཆད་དེ་རྣམས་ནམ་ཡང་མི་ལྟོགས་ཤིང་མི་སྐོམས། ཉི་མ་དང་ཚ་བ་གང་ཡང་འཕོག་པར་མི་འགྱུར། ༡༧ རྒྱལ་ཁྲིའི་གཞུང་ལ་བཞུགས་པའི་ལུག་གུས་དེ་རྣམས་ཀྱི་རྫི་བོ་མཛད་ཅིང་། ཚེ་མཐའ་མེད་པའི་ཆུ་མིག་རྣམས་ཀྱི་རྩར་འཁྲིད་པར་འགྱུར་རོ། དཀོན་མཆོག་གིས་དེ་རྣམས་ཀྱི་མིག་གི་མཆི་མ་འཕྱི་བར་འགྱུར་ཞེས་གསུངས་སོ༎