༦
ལུག་གུས་ཕྱག་ཐམ་བདུན་པོ་ལས་གཅིག་གཅོག་པར་མཛད་པའི་ཚེ་ངས་བལྟས་པ་ལས། སེམས་ཅན་བཞི་པོ་ལས་གཅིག་གིས་འབྲུག་སྒྲ་ལྟ་བུའི་སྐད་ཀྱིས་ཤོག་ཅེས་གསུང་བ་ཐོས་ནས། ༢ རྟ་དཀར་པོ་ཞིག་དང་དེ་ལ་ཞོན་ཡོད་པ་ལ་གཞུ་ཞིག་ཡོད་པ་མཐོང་བྱུང་། དེ་ལ་གཙུག་རྒྱན་ཞིག་གནང་ནས། འཇོམས་པར་བྱེད་ཅིང་འཇོམས་སུ་ཐོན་ནོ༎༣ ཕྱག་ཐམ་གཉིས་པ་དེ་གཅོག་པར་མཛད་པའི་ཚེ། སེམས་ཅན་གཉིས་པས་ཤོག་ཅེས་གསུང་བ་ངས་ཐོས་པ་དང་། ༤ རྟ་ཟག་པ་ཞིག་ཐོན་བྱུང་སྟེ། དེ་ལ་ཞོན་ཡོད་པ་ལ་རལ་གྲི་ཆེན་པོ་ཞིག་གནང་སྟེ། མི་རྣམས་གཅིག་གིས་གཅིག་གསོད་ཅིང་ས་གཞི་ལ་ཞི་བདེ་མེད་པར་བྱེད་པ་གནང་ངོ་༎
༥ ཕྱག་ཐམ་གསུམ་པ་དེ་གཅོག་པར་མཛད་པའི་ཚེ། སེམས་ཅན་གསུམ་པས་ཤོག་ཅེས་གསུང་བ་ངས་ཐོས་ནས། བལྟས་པ་དང་། རྟ་འོལ་བ་ཞིག་དང་། དེ་ལ་ཞོན་པའི་ལག་ཏུ་སྲང་ཞིག་ཡོད་པ་མཐོང་བྱུང་། ༦ སེམས་ཅན་བཞི་པོའི་དཀྱིལ་ནས་འབྱུང་བ་འདྲ་བའི་སྒྲ་ཞིག་གིས། གྲོ་བྲེ་གང་ལ་དི་ནར་གཅིག་དང་། འབྲུ་སོ་བ་བྲེ་གསུམ་ལ་དི་ནར་གཅིག འབྲུ་མར་དང་རྒུན་ཆང་ཆུད་ཟོས་ལ་མ་གཏོང་ཞིག ཅེས་གསུང་བ་ངས་ཐོས་སོ༎
༧ ཕྱག་ཐམ་བཞི་པ་དེ་གཅོག་པར་མཛད་པའི་ཚེ། སེམས་ཅན་བཞི་པས་ཤོག་ཅེས་གསུང་བ་ཐོས་ནས། ༨ བལྟས་པ་དང་རྟ་རག་པ་ཞིག་མཐོང་བྱུང་། དེ་ལ་ཞོན་པའི་མིང་ལ་གཤིན་རྗེ་སྟེ། གཤིན་ཁམས་དེའི་རྗེས་སུ་འབྲང་ངོ་། དེ་ལ་ས་གཞིའི་བཞི་ཆར་རལ་གྲི་དང་། མུ་གེ་དང་། རིམས་ནད་དང་། ས་གཞིའི་གཅན་གཟན་གྱི་སྒོ་ནས་གསོད་པར་བྱེད་པའི་དབང་གནང་ངོ་༎
༩ ཕྱག་ཐམ་ལྔ་པ་གཅོག་པར་མཛད་པའི་ཚེ། མཆོད་ཁྲིའི་འོག་ན་དཀོན་མཆོག་གི་བཀའ་ལ་རྟེན་ཅིང་དཔང་པོ་བྱས་པའི་རྐྱེན་གྱིས་བསད་པ་རྣམས་ཀྱི་སེམས་ཉིད་མཐོང་བ་དང་། ༡༠ དེ་རྣམས་ཀྱིས་སྐད་ཆེན་པོས། ཀྱེ་ཀུན་དབང་། དམ་པ་དང་དྲང་པོ། ས་གཞི་ལ་གནས་པ་རྣམས་ལས། ཞལ་ཆེ་གཅོད་ཅིང་ང་ཚོའི་སྲོག་ལན་ནམ་ཞིག་ལེན་པར་འགྱུར་ཞེས་འབོད་བསྒྲགས་པ་དང་། ༡༡ དེ་རྣམས་རེ་རེ་ལ་གོས་དཀར་པོ་རེ་གནང་ནས། ཁྱེད་དང་འདྲ་བར་གསོད་པར་འགྱུར་བའི་ལས་གྲོགས་དང་སྤུན་གྱི་གྲངས་མ་ཚང་བའི་བར་དུ་ཅུང་ཟད་ངལ་སོས་ཤིག་ཅེས་གསུངས་སོ༎
༡༢ ཕྱག་ཐམ་དྲུག་པ་དེ་གཅོག་པར་མཛད་པའི་ཚེ། ས་གཡོ་དྲག་པོ་ཞིག་བྱུང་ནས། ཉི་མ་ནི་རེ་སྣམ་ལྟར་ནག་པོ་དང་། ཟླ་བ་ཉ་གང་བ་ཁྲག་ལྟར་གྱུར་པ་མཐོང་བྱུང་། ༡༣ ཡང་རླུང་དྲག་པོས་བསྐུལ་ནས་དགུན་དུས་སེ་ཡབ་ཤིང་གི་འབྲས་བུ་ལྷུང་བ་ལྟར་གནམ་ལས་སྐར་མ་རྣམས་ལྷུང་ངོ་། ༡༤ ཤོག་སྒྲིལ་བསྒྲིལ་བ་ལྟར་ནམ་མཁའ་ཡལ་ནས། རི་དང་གླིང་ཐམས་ཅད་གནས་ནས་འཕོས་ཏེ། ༡༥ ས་གཞིའི་རྒྱལ་པོ་དང་། མི་ཆེན་དང་། དམག་དཔོན་དང་། ཕྱུག་པོ་དང་། སྟོབས་ཅན་དང་། ཚེ་གཡོག་དང་། ཚེ་གཡོག་མིན་པ་ཐམས་ཅད་ཕུག་པ་དང་རིའི་བྲག་སྐྱིབས་ནང་ཡིབ་ནས། ༡༦ རི་དང་བྲག་རྣམས་ལ། ང་ཚོའི་སྟེང་དུ་ལོག་ལ་རྒྱལ་ཁྲི་ལ་བཞུག་པའི་ཞལ་དང་ལུག་གུའི་ཐུགས་ཁྲོ་ལས་ང་ཚོ་སྦ་བར་གྱིས་ཤིག ༡༧ ཁོང་གི་ཐུགས་ཁྲོའི་ཉིན་མོ་ཆེན་པོ་དེ་བསླེབས་པས། སུས་བཟོད་ནུས་པར་བྱ་ཞེས་ཟེར་བ་མཐོང་བྱུང་༎