ཡང་ངས་རྒྱལ་ཁྲིར་བཞུགས་པའི་ཕྱག་གཡས་ན་རྒྱབ་མདུན་གཉིས་པོར་བྲིས་པའི་ཤོག་སྒྲིལ་ཕྱག་ཐམ་བདུན་བརྒྱབས་པ་ཞིག་མཐོང་བྱུང་།  ཡང་ཕོ་ཉ་མཐུ་ལྡན་ཞིག་གིས། ཤོག་སྒྲིལ་འདིའི་ཕྱག་ཐམ་གཅོག་ཅིང་འབྱེད་པར་འོས་པ་སུ་ཡོད་ཅེས་འབོད་སྒྲོག་པ་ངས་མཐོང་ངོ་།  ཤོག་སྒྲིལ་དེ་འབྱེད་པའམ་དེ་ལ་བལྟ་ཐུབ་པ། ནམ་མཁའ་འམ། ས་འམ། ས་འོག་ན་སུའང་མེད་པར།  ཤོག་སྒྲིལ་དེ་འབྱེད་པའམ་དེ་ལ་བལྟ་རུ་འོས་པ་སུ་ཡང་མ་ཐོབ་པས་ང་དྲག་ཏུ་ངུས་པ་ཡིན།  དེ་ནས་རྒན་པོ་གཅིག་གིས་ང་ལ། མ་ངུ་ཞིག ཡུ་དཱའི་སྡེའི་སེང་གེ་དཱ་བིད་ཀྱི་རྩ་བ་ལགས་པ་རྣམ་པར་རྒྱལ་བས། ཤོག་སྒྲིལ་དེའི་ཕྱག་ཐམ་བདུན་གཅོག་ཅིང་འབྱེད་པར་ནུས་སོ་ཞེས་གསུང་བ་དང་།
 རྒྱལ་ཁྲི་དང་སེམས་ཅན་བཞི་པོ་དང་། རྒན་པོ་རྣམས་ཀྱི་དཀྱིལ་ན་བསད་པའི་རྟགས་དང་ལྡན་པའི་ལུག་གུ་བཞེངས་ཡོད་པ་མཇལ། ཁོང་ལ་རྭ་ཅོ་བདུན་དང་སྤྱན་བདུན་ཡོད་དེ་ས་གཞི་ཐམས་ཅད་ལ་མངགས་པའི་དཀོན་མཆོག་གི་ཐུགས་ཉིད་བདུན་པོ་ཡིན་ནོ།  ཁོང་ཕེབས་ནས་རྒྱལ་ཁྲི་ལ་བཞུགས་མཁན་གྱི་ཕྱག་གཡས་ནས་ཤོག་སྒྲིལ་དེ་བཞེས་སོ།  དེ་བཞེས་པའི་ཚེ་སེམས་ཅན་བཞི་པོ་དང་རྒན་པོ་ཉེར་བཞིས་ལུག་གུའི་དྲུང་དུ་ལུས་ས་ལ་བརྡབས་ཤིང་། རེ་རེའི་ཕྱག་ཏུ་པི་ཝང་དང་། སྐྱེས་བུ་དམ་པ་རྣམས་ཀྱི་སྨོན་ལམ་ཡིན་པའི་བདུག་སྤོས་ཀྱིས་གང་བའི་གསེར་གྱི་སྤོས་ཕོར་ཡོད་ཅིང་།  མགུར་མ་གསར་པ་ལེན་ཞིང་། ཁྱེད་ནི་ཤོག་སྒྲིལ་བཞེས་པ་དང་དེའི་ཕྱག་ཐམ་རྣམས་གཅོག་ཏུ་འོས་པ་ལགས་སོ། ཁྱེད་བཀྲོངས་ནས་མི་སྡེ་དང་། སྐད་རིགས་དང་། མི་བརྒྱུད་དང་མི་རིགས་ཐམས་ཅད་ཀྱི་ནང་ནས་མི་རྣམས་དཀོན་མཆོག་གི་དོན་དུ་ཉིད་ཀྱི་སྐུ་ཁྲག་གིས་ཉོས་ཏེ། ༡༠ དེ་ཚོ་དཀོན་མཆོག་གི་ཕྱིར་དུ་རྒྱལ་སྲས་དང་དགེ་འདུན་དུ་མཛད་ནས། དེ་ཚོས་ས་གཞི་སྐྱོང་བར་འགྱུར་རོ་ཞེས་དབྱངས་བླངས་སོ༎
༡༡ ངས་དེར་བལྟས་པ་དང་། རྒྱལ་ཁྲི་དང་སེམས་ཅན་དང་རྒན་པོ་རྣམས་ཀྱི་མཐའ་འཁོར་ན་ཕོ་ཉ་ཁྲི་འབུམ་མང་པོའི་སྒྲ་ཐོས་བྱུང་། ༡༢ དེ་རྣམས་ཀྱིས་སྐད་ཆེན་པོས་བཀྲོངས་པའི་ལུག་གུ་ལ་དབང་དང་། ནོར་དང་། ཡེ་ཤེས་དང་། མཐུ་སྟོབས་དང་། ཞེ་ས་དང་། དཔལ་དང་། བསྟོད་པ་འབུལ་བར་འོས་པ་ལགས་སོ་ཞེས་ཞུས་སོ། ༡༣ ཡང་ནམ་མཁའ་དང་། ས་དང་། ས་འོག་དང་། རྒྱ་མཚོ་ལ་གནས་པའི་བཀོད་པ་ཐམས་ཅད་ཀྱིས། རྒྱལ་ཁྲིར་བཞུགས་པ་ཁོང་དང་ལུག་གུ་ལ་བསྟོད་པ་དང་། ཞེ་ས་དང་། དཔལ་དང་། དབང་དུས་རྒྱུན་ནས་རྒྱུན་དུ་འབུལ་ལོ་ཞེས་ཞུ་བ་ཐོས་ཤིང་། ༡༤ སེམས་ཅན་བཞི་པོས་ཨ་མེན་ཞེས་བརྗོད་ཅིང་། རྒན་པོ་རྣམས་ཀྱིས་བརྡབས་ཕྱག་བཙལ་ཏོ༎