༤
དེའི་རྗེས་སུ་ངས་ཡར་བལྟས་ནས་ནམ་མཁའི་ནང་སྒོ་ཕྱེས་པ་ཞིག་འདུག སྔར་གྱི་དུང་དང་འདྲ་བའི་གསུང་སྐད་དེས་ང་ལ། ཡར་ཤོག འདིའི་རྗེས་སུ་འབྱུང་དགོས་པ་རྣམས་སྟོན་པར་བྱའོ་ཞེས་གསུངས་བྱུང་།༢ དེ་མ་ཐག་ཏུ་ང་ཐུགས་ཉིད་ཀྱིས་ཁྱབ་ནས། ནམ་མཁར་རྒྱལ་ཁྲི་ཞིག་མཇལ་ཞིང་། ༣ དེའི་ཁར་ནོར་བུ་དང་རིན་པོ་ཆེའི་འོད་ཟེར་འདྲ་སྣང་བ་ཞིག་བཞུགས་ཏེ། བཞུགས་ཁྲིའི་ཕྱོགས་བཞིར་མ་རྒད་ཀྱི་འཇའ་ལྟར་སྣང་བའི་འོད་ཀོར་འདུག་སྟེ། ༤ དེའི་མཐའ་འཁོར་དུ་ཁྲི་ཉི་ཤུ་རྩ་བཞི་ཡོད་ཅིང་། དེའི་ཐོག་ཏུ་ན་བཟའ་དཀར་པོ་དང་དབུ་ལ་གསེར་གྱི་གཙུག་རྒྱན་གསོལ་བའི་རྒན་པོ་ཉི་ཤུ་རྩ་བཞི་བཞུགས་ཡོད་པ་མཇལ་ལོ། ༥ རྒྱལ་ཁྲི་དེ་ལས་གློག་འཁྱུག་ཅིང་འབྲུག་སྒྲ་འཐོན་ནོ། རྒྱལ་ཁྲིའི་དྲུང་དུ་དཀོན་མཆོག་གི་ཐུགས་ཉིད་བདུན་པོ་ཡིན་པའི་མེའི་སྤ་འབར་བདུན་ཡོད་དོ། ༦ རྒྱལ་ཁྲིའི་མདུན་དུ་དྭངས་ཤེལ་འདྲ་བའི་མཚོ་ཡོད་དོ། རྒྱལ་ཁྲིའི་མཐའ་འཁོར་དུ་ཕྱོགས་བཞིར་རྒྱབ་མདུན་ཐམས་ཅད་མིག་གིས་གང་བའི་སེམས་ཅན་བཞི་ཡོད་དེ། ༧ དང་པོ་སེང་གེ་འདྲ་བ། གཉིས་པ་གླང་འདྲ་བ། གསུམ་པ་མི་ཞིག་འདྲ་བ། བཞི་པ་ཁྱུང་ལྡིང་བ་འདྲ་བ་ཡོད་དོ། ༨ སེམས་ཅན་བཞི་པོ་རེ་རེ་ལ་འདབ་ཤོག་དྲུག་དྲུག་ཡོད་དེ་ཕྱི་ནང་གཉིས་པོ་མིག་གིས་གང་ཞིང་། དེ་ཚོས་འདི་སྐད་དུ། སྔར་མཆིས་པ་དང་། ད་ལྟ་བཞུགས་པ་དང་། ཕྱིས་འབྱོན་པའི་ཀུན་དབང་གི་གཙོ་བོ་དཀོན་མཆོག་ནི། དམ་པ། དམ་པ། དམ་པ་ལགས་སོ་ཞེས་ཉིན་མཚན་མེད་པར་དབྱངས་ལེན་ནོ། ༩ རྒྱུན་དུ་འཚོ་ཞིང་གཞེས་པའི་རྒྱལ་ཁྲིར་འཁོད་པ་ཁོང་ལ། སེམས་ཅན་རྣམས་ཀྱིས་དཔལ་དང་ཞེ་ས་དང་གཏང་རག་འབུལ་རིམ་གྱིས། ༡༠ རྒན་པོ་ཉི་ཤུ་རྩ་བཞིས་རྒྱལ་ཁྲིར་བཞུགས་པ་ཁོང་གི་ཞལ་ངོར་བརྡབ་ཕྱག་བཙལ་ཏེ། རྒྱུན་དུ་འཚོ་ཞིང་གཞེས་པ་ལ་བསྙེན་བཀུར་བྱེད་ཅིང་། རྒྱལ་ཁྲིའི་དྲུང་དུ་གཙུག་རྒྱན་རྣམས་བཞག་སྟེ་འདི་སྐད་དུ། ༡༡ ཁྱེད་ཀྱིས་ཐམས་ཅད་བཀོད་དེ། ཁྱེད་ཀྱི་ཐུགས་དགོངས་བཞིན་དུ་དེ་རྣམས་ཡོད་དེ་གྲུབ་བོ། དེའི་ཕྱིར་ང་ཚོའི་གཙོ་བོ་དང་དཀོན་མཆོག་ལ་དཔལ་དང་། ཞེ་ས་དང་། མངའ་ཐང་འབུལ་བར་འོས་པ་ལགས་སོ་ཞེས་བརྗོད་དོ༎