༣
སར་དཱིའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག དཀོན་མཆོག་གི་ཐུགས་ཉིད་བདུན་པོ་དང་སྐར་མ་བདུན་པོ་ཡོད་པ་དེས་འདི་སྐད་དུ། ངས་ཁྱོད་ཀྱི་ལས་མཁྱེན་ནོ། ཁྱོད་ལ་གསོན་པོའི་མིང་ཡོད་ཀྱང་རོ་ཡིན་ནོ། ༢ ངའི་དཀོན་མཆོག་གི་གཟིགས་ངོར་ཁྱེད་ཀྱི་ལས་ཕུལ་དུ་བྱུང་བར་མ་མཐོང་བས། གཉིད་སོད་ལ། འཆི་ཁར་ཡོད་པའི་ལྷག་ལུས་རྣམས་བརྟན་པོ་བྱོས་ཤིག ༣ དེའི་ཕྱིར་ཅི་ཐོབ་པ་དང་ཐོས་པ་དེ་དྲན་ཞིང་སྲུངས་ཤིག འགྱོད་ཚངས་བྱོས་ཤིག ཁྱོད་གཉིད་མི་སད་ན། ང་རྐུན་མ་ལྟར་འབྱོན་ཏེ། དུས་ཚོད་གང་ལ་ཁྱོད་ཀྱི་ཐོག་ཏུ་འབྱོན་པ་ཤེས་པར་མི་འགྱུར་རོ། ༤ འོན་ཀྱང་རང་གི་གོས་དྲི་མས་མ་བསྒོས་པའི་མི་ཁ་ཤས་སར་དཱི་ན་ཡོད་དེ། དེ་རྣམས་འོས་པ་ཡིན་པས་གོས་དཀར་པོ་གོན་ཏེ་ང་དང་མཉམ་དུ་འགྲོའོ། ༥ རྒྱལ་བ་དེ་ལ་དེ་འདྲའི་གོས་དཀར་པོ་སྐོན་པར་བྱ་སྟེ། ཚེའི་གླེགས་བམ་ལས་དེའི་མིང་ལ་སེལ་རྒྱབ་པར་མི་བྱ་བར། ངའི་ཡབ་དང་ཕོ་ཉ་རྣམས་ཀྱི་དྲུང་དུ་དེའི་མིང་ལ་དཔང་པོ་བྱའོ། ༦ རྣ་བ་ཡོད་པ་དེས་ཐུགས་ཉིད་ཀྱིས་ཆོས་ཚོགས་ལ་གསུང་བ་དེ་ལ་ཉོན་ཅིག་ཅེས་གསུང་ངོ་༎༧ ཕི་ལཱ་དེལ་ཕི་ཨའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག དམ་པ་དང་བདེན་པ་ལགས་པ་དང་། དཱ་བིད་ཀྱི་ལྡེ་མིག་ཡོད་པ་གང་གིས་སྒོ་ཕྱེས་པ་དེ་སུས་ཀྱང་མི་རྒྱབ་ཅིང་། བརྒྱབས་པ་དེ་སུས་ཀྱང་མི་འབྱེད་པ་དེས་འདི་སྐད་དུ། ༨ ངས་ཁྱོད་ཀྱི་ལས་རྣམས་མཁྱེན་ནོ། སུས་ཀྱང་བརྒྱབ་མི་ཐུབ་པའི་སྒོ་ཕྱེས་པ་ཞིག་ཁྱེད་ཀྱི་མདུན་དུ་བཞག་ཡོད། ཁྱོད་སྟོབས་ཞན་བཞིན་དུ་ངའི་བཀའ་ལ་སྲུང་ཞིང་ངའི་མཚན་མ་སྤངས་པ་ངས་མཁྱེན་ནོ། ༩ ཡ་ཧུ་དཱ་པ་ཡིན་ཟེར་ཞིང་མ་ཡིན་པར་རྫུན་སྨྲ་བའི་བདུད་ཀྱི་ཚོགས་ཁྱེད་ཚོའི་ལག་ཏུ་གཏང་བར་བྱའོ། ངས་ཁྱེད་ལ་བྱམས་པ་དེ་ངོ་ཤེས་པའི་ཕྱིར་ཁྱོད་ཀྱི་རྐང་པའི་དྲུང་དུ་ཕྱག་འཚལ་དུ་འཇུག་པར་བྱའོ། ༡༠ ཁྱོད་ཀྱིས་བཟོད་པ་བྱེད་པའི་ངའི་བཀའ་བསྲུངས་པས། ས་སྟེང་དུ་གནས་པ་རྣམས་ཉམས་སད་པའི་ཕྱིར་འཇིག་རྟེན་ཀུན་ལ་འབབ་འོང་བའི་ཉམས་སད་ཀྱི་ཆུ་ཚོད་ལས་ཁྱོད་སྲུང་བར་བྱའོ། ༡༡ ང་མྱུར་དུ་འབྱོན་འོང་བས། སུས་ཀྱང་ཁྱོད་ཀྱི་གཙུག་རྒྱན་མི་འཕྲོག་པའི་ཕྱིར། ཅི་ཡོད་པ་དེ་དམ་དུ་ཟུངས་ཤིག ༡༢ རྒྱལ་བ་དེ་ངའི་དཀོན་མཆོག་གི་མཆོད་ཁང་གི་ཀ་བ་ཞིག་ཏུ་བྱ་ཞིང་། ནམ་ཡང་ཕྱི་རུ་མི་འགྲོ། དེའི་ཁར་ངའི་དཀོན་མཆོག་གི་མཚན་དང་ངའི་དཀོན་མཆོག་ལས་ནམ་མཁའ་ནས་འབབ་པའི། ངའི་དཀོན་མཆོག་གི་གྲོང་ཁྱེར་ཡེ་རུ་ཤ་ལེམ་གསར་པའི་མིང་དང་། བདག་ཉིད་ཀྱི་མཚན་གསར་པ་འབྲི་བར་བྱའོ། ༡༣ རྣ་བ་ཡོད་པ་དེས་ཐུགས་ཉིད་ཀྱིས་ཆོས་ཚོགས་ལ་གསུང་བ་དེ་ཉོན་ཅིག་ཅེས་གསུང་ངོ་༎
༡༤ ལའོ་དི་ཀཱའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག ཨ་མེན་དང་། དཔང་པོ་བདེན་པ་དང་དྲང་པོ་དང་། དཀོན་མཆོག་གི་བཀོད་པའི་འབྱུང་གནས་ལགས་པས་འདི་སྐད་དུ། ༡༥ ཁྱོད་ཀྱི་ལས་རྣམས་ངས་མཁྱེན་ནོ། ཁྱོད་ནི་ཚ་པོ་མིན་ཅིང་གྲང་མོའང་མིན། ཚ་པོ་འམ་གྲང་མོ་ཡིན་ན་ཅི་མ་རུང་། ༡༦ ཁྱོད་ཚ་པོའམ་གྲང་མོ་མིན་པའི་དྲོད་འཇམ་ཡིན་པས། ངའི་ཞལ་ནས་འདོར་བར་བྱ། ༡༧ ཁྱོད་ཉམས་ཐག་པ་དང་། སྙིང་རྗེའི་གནས་སུ་གྱུར་པ་དང་། དབུལ་ཕོངས་དང་། ལོང་བ་དང་། གཅེར་བུ་ཡིན་པ་མ་ཤེས་པར། ང་ཕྱུག་པོ་ཡིན། འབྱོར་པ་དང་ལྡན་དགོས་པ་ཅི་ཞིག་ཀྱང་མེད་ཅེས་ཟེར་རོ། ༡༨ ཁྱོད་བདེན་པར་ཕྱུག་པོར་འགྱུར་བའི་ཕྱིར་མེའི་ནང་ལྷད་བཏོན་པའི་གསེར་དང་། ཁྱོད་ཀྱི་གཅེར་བུའི་ངོ་ཚ་མི་མངོན་པའི་ཕྱིར་གྱོན་པར་གོས་དཀར་པོ་དང་། ཁྱོད་ཀྱིས་ལེགས་པར་མཐོང་བའི་ཕྱིར་མིག་ལ་བསྐུ་བའི་བྱུག་པ་ང་ལས་ཉོས་ཤིག་ཅེས་ངས་གྲོས་འདེབས་སོ། ༡༩ ངས་བྱམས་པ་རྣམས་ལ་བཀྱོན་ཞིང་འཇུན་པར་ཡང་མཛད་པས། ད་བརྩོན་ཞིང་འགྱོད་ཚངས་བྱོས་ཤིག ༢༠ ངས་སྒོ་རྩར་བཞེངས་ཤིང་སྒོ་བརྡུང་ངོ་། ངའི་གསུང་སྐད་ཐོས་ནས་སྒོ་འབྱེད་པ་དེའི་ནང་དུ་ཞུགས་ནས་ང་ཁོ་དང་མཉམ་དང་། ཁོ་ང་དང་མཉམ་དུ་དགོངས་ཟས་བཞེས་པར་འགྱུར་རོ། ༢༡ ང་རྣམ་པར་རྒྱལ་ནས་ངའི་ཡབ་དང་མཉམ་དུ་ཁོང་གི་རྒྱལ་ཁྲིར་འཁོད་པ་ལྟར། རྒྱལ་བ་དེ་ང་དང་མཉམ་དུ་ངའི་རྒྱལ་ཁྲིར་འཇོག་པར་བྱའོ། ༢༢ རྣ་བ་ཡོད་པ་དེས་ཐུགས་ཉིད་ཀྱིས་ཆོས་ཚོགས་ལ་གསུང་བ་དེ་ཉོན་ཅིག་ཅེས་གསུང་ངོ་༎