༢
ཨེ་ཕེ་སུའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག ཕྱག་གཡས་པའི་ནང་སྐར་མ་བདུན་ཐོགས་ཤིང་། གསེར་གྱི་ལ་སྟེགས་བདུན་གྱི་དཀྱིལ་ན་ཞབས་འཆག་མཛད་མཁན་གྱིས་འདི་སྐད་དུ། ༢ ངས་ཁྱོད་ཀྱི་ལས་རྣམས་དང་འབད་རྩོལ་དང་བཟོད་པ་མཁྱེན་ཞིང་། མི་ངན་པ་བསུ་མི་འདོད་པ་དང་། སྐུ་ཚབ་མ་ཡིན་པར་ཡིན་ཟེར་མཁན་རྣམས་ལ་བརྟག་དཔྱད་བྱས་ནས་དེ་རྣམས་རྫུན་མ་ཡིན་པར་རྟོགས་ཤིང་། ༣ བཟོད་པ་བསྒོམས་ནས་ངའི་མཚན་གྱི་ཕྱིར་དུ་སྡུག་བསྔལ་ཐེག་ཅིང་ཐང་མ་ཆད་པར་ཡོད་པ་ངས་མཁྱེན་ནོ། ༤ འོན་ཀྱང་ཐོག་མར་ཁྱོད་ནང་ཡོད་པའི་བྱམས་སེམས་དེ་སྤངས་པའི་སྐྱོན་འགེལ་ལོ། ༥ དེའི་ཕྱིར་དེ་ནས་ལྷུང་བ་དེ་དྲན་ནས། འགྱོད་མཚངས་བྱས་ནས་ཐོག་མར་གང་བྱས་པ་ལྟར་བྱོས་ཤིག དེ་མིན་ང་ཁྱོད་རྩར་ཡོང་ནས་ཁྱོད་ཀྱི་ལ་སྟེགས་དེ་རང་གནས་ནས་འཐེན་པར་བྱའོ། ༦ འོན་ཀྱང་ནི་ཀོ་ལཱའི་ལྟ་བ་ལ་ཞེན་ལོག་པ་ཁྱོད་ནང་ཡོད་དེ། ངའང་དེ་རྣམས་ལ་ཐུགས་ལོག་གོ། ༧ རྣ་བ་ཡོད་པ་དེས་ཐུགས་ཉིད་ཀྱིས་ཆོས་ཚོགས་ལ་གསུང་བ་དེ་ལ་ཉོན་ཅིག སུ་རྒྱལ་བ་དེ་ལ་ངས་དཀོན་མཆོག་གི་བདེ་རིས་སུ་ཡོད་པའི་ཚེའི་ལྗོན་ཤིང་ལས་ཟ་བར་གནང་ངོ་ཞེས་གསུང་ངོ་༎༨ སི་མིར་ནཱའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག ཐོག་མ་དང་མཐའ་མ་ལགས་ཤིང་གྲོངས་ནས་སྐུ་གསོན་པོར་བཞེངས་པ་དེས་འདི་སྐད་དུ། ༩ ཁྱོད་སེམས་ཉིད་ལ་ཕྱུག་ཀྱང་ཁྱོད་ཀྱི་སྡུག་བསྔལ་དང་དབུལ་ཞིང་འཕོངས་པ་དང་། ཡ་ཧུ་དཱ་པ་ཡིན་ཟེར་ཞིང་མ་ཡིན་པར་བདུད་ཀྱི་ཚོགས་ཡིན་པ་ཚོས་ཁྱོད་ལ་སྨད་པ་ངས་མཁྱེན་ནོ། ༡༠ མྱོང་འགྱུར་སྡུག་བསྔལ་ལ་མ་འཇིགས་ཤིག ཁྱོད་ཀྱི་ཉམས་ཚོད་ལེན་ཕྱིར་བདུད་ཀྱིས་ཁྱོད་ཁ་ཅིག་བཙོན་དུ་འཇུག་པར་འདུག་སྟེ། ཞག་བཅུ་ཁྱོད་ལ་སྡུག་བསྔལ་འབྱུང་བར་འགྱུར་རོ། འཆི་བ་ལ་ཐུག་ཀྱང་བརྟན་པོར་གནས་ཤིག་དང་། ངས་ཚེའི་གཙུག་རྒྱན་གནང་བར་བྱའོ། ༡༡ རྣ་བ་ཡོད་པ་དེས་ཐུགས་ཉིད་ཀྱིས་ཆོས་ཚོགས་ལ་གསུང་བ་དེར་ཉོན་ཅིག རྒྱལ་བ་དེ་ལ་འཆི་བ་གཉིས་པས་གནོད་པར་མི་འགྱུར་ཞེས་གསུང་ངོ་༎
༡༢ པེར་ག་མུའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག རལ་གྲི་ཁ་གཉིས་མ་རྣོ་དང་ལྡན་པ་དེས་འདི་སྐད་དུ། ༡༣ བདུད་ཀྱི་རྒྱལ་སར་ཁྱོད་གནས་པ་དང་། ཁྱོད་ཀྱིས་ངའི་མཚན་སྲུང་ཞིང་། བདུད་གནས་པའི་སར་ངའི་དཔང་པོ་དྲང་པོ་ཨན་ཏི་པཱ་ཁྱེད་ཀྱི་དཀྱིལ་དུ་བསྡད་སྐབས་སུའང་དད་པ་མ་སྤངས་པ་ངས་མཁྱེན་ནོ། ༡༤ འོན་ཀྱང་སྐྱོན་ཁ་ཤས་འགེལ་བ་ནི་འདི་ལྟ་སྟེ། ཁྱེད་ཀྱི་ནང་ན་བ་ལ་ཨམ་གྱི་བསྟན་པ་ལ་བསྟེན་པ་ཁ་ཅིག་ཡོད་དེ། བ་ལ་ཨམ་གྱིས་ཨིས་ར་ཨེལ་གྱི་བུ་བརྒྱུད་ལ་སྐུ་འདྲ་ལ་ཕུལ་བའི་མཆོད་པ་ཟར་འཇུག་པ་དང་། འཆལ་འཇུག་པའི་བསླུ་འཁྲིད་གཏོང་དུ་བ་ལག་ལ་བསླབས་པ་ཡིན། ༡༥ དེར་མ་ཟད་ཁྱོད་ཀྱི་ནང་ན་ནི་ཀོ་ལཱའི་བསྟན་པ་ལ་བསྟེན་པ་ཁ་ཅིག་ཀྱང་ཡོད་དོ། ༡༦ དེའི་ཕྱིར་འགྱོད་མཚངས་བྱོས་ཤིག དེ་མིན་ང་ཁྱོད་ཀྱི་རྩར་མྱུར་དུ་ཕེབས་ཅིང་། ངའི་ཞལ་གྱི་རལ་གྲི་མཉམ་དེ་རྣམས་ལ་འཐབ་པར་བྱའོ། ༡༧ རྣ་བ་ཡོད་པ་དེས་ཐུགས་ཉིད་ཀྱིས་ཆོས་ཚོགས་ལ་གསུངས་པ་དེ་ལ་ཉོན་ཅིག རྒྱལ་བ་དེ་ལ་གསང་བའི་མན་ནཱ་ལས་སྟེར་ཞིང་། རྡོ་དཀར་པོ་ཞིག་སྟེར་བར་བྱ། དེ་ཁར་བྲིས་པའི་མིང་གསར་པ་དེ་ཐོབ་མཁན་དེས་མ་གཏོགས་གཞན་སུས་ཀྱང་མི་ཤེས་སོ༎
༡༨ ཐི་ཨ་ཏི་རཱའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག མེ་ལྕེ་ལྟ་བུའི་སྤྱན་དང་། ལི་ལྷད་མེད་ལྟ་བུའི་ཞབས་དང་ལྡན་པའི་དཀོན་མཆོག་གི་སྲས་ཀྱིས་འདི་སྐད་དུ། ༡༩ ཁྱོད་ཀྱི་ལས་དང་། བྱམས་སེམས་དང་། ཞབས་ཏོག་དང་། བཟོད་པ་དང་། ཕྱིས་ཀྱི་ལས་རྣམས་སྔ་མ་བས་དྲག་པ་ཡིན་པ་ངས་མཁྱེན་ནོ། ༢༠ འོན་ཀྱང་སྐྱོན་འདི་འགེལ་ལོ། ལུང་སྟོན་མོ་ཡིན་ཟེར་བའི་བུད་མེད་ཡི་ཟེ་བེལ་གྱིས། ངའི་ཞབས་ཕྱི་རྣམས་ལ་འཆལ་བ་དང་སྐུ་འདྲ་ལ་ཕུལ་བའི་མཆོད་པ་ཟ་བར་བསླབ་ཅིང་མགོ་བསླུས་པ་ལ་བཟོད་པ་བྱེད་དོ། ༢༡ ངས་མོ་ལ་འགྱོད་ཚངས་བྱེད་པར་མི་དགའ་འོ། ༢༢ ངས་མོ་ནི་ནད་ཀྱིས་འཐེབས་པར་བྱེད་ཅིང་མོ་མཉམ་གཡེམ་པ་རྣམས་མོས་བྱས་པ་ལ་འགྱོད་ཚངས་མི་བྱེད་ན། སྡུག་བསྔལ་ཆེན་པོའི་ནང་སྐྱུར་ཞིང་། ༢༣ མོའི་ཕྲུ་གུ་རྣམས་གསོད་པར་བྱའོ། དེ་ནས་ཆོས་ཚོགས་ཐམས་ཅད་ཀྱིས་ང་ནི་སྙིང་རྣམས་བརྟག་མཁན་ཡིན་པ་ཤེས་པར་འགྱུར་རོ། ཁྱེད་རེ་རེ་ལ་ལས་དང་བསྟུན་ཏེ་རྔན་པ་སྟེར་བར་བྱའོ། ༢༤ བསྟན་པ་དེ་ལ་མ་བསྟེན་པར། བདུད་ཀྱི་ཟབ་ལམ་ཞེས་གྲགས་པར་མ་བསླབས་པ་ཐི་ཨ་ཏི་རཱ་པ་ལྷག་ལུས་ཁྱེད་རྣམས་ལ་ངས་ཁུར་པོ་གཞན་ཞིག་མི་འགེལ་གསུང་ངོ་། ༢༥ འོན་ཀྱང་ང་ཕེབས་པའི་བར་དུ་གང་ཡོད་པ་དེ་དམ་པོར་ཟུངས་ཤིག ༢༦ རྒྱལ་ཞིང་ངའི་མཛད་པ་རྣམས་མཐའ་མའི་བར་དུ་ཡིད་ལ་འཛིན་པ་དེ་ལ་ངས་མི་བརྒྱུད་རྣམས་ཀྱི་ཐོག་ཏུ་དབང་སྒྱུར་བ་གནང་བར་བྱའོ། ༢༧ ངའི་ཡབ་ཀྱིས་ང་ལ་དབང་བསྐུར་བ་ལྟར། དེས་ཀྱང་ལྕགས་ཀྱི་དབྱུག་པས་རྫ་མའི་སྣོད་སིལ་བུར་གཏོང་བ་ལྟ་བུའི་སྲིད་སྐྱོང་བར་འགྱུར། ༢༨ ཡང་ངས་དེ་ལ་ཐོ་རངས་སྐར་ཆེན་སྟེར་བར་བྱའོ། ༢༩ རྣ་བ་ཡོད་པ་དེས་ཐུགས་ཉིད་ཀྱིས་ཆོས་ཚོགས་ལ་གསུང་བ་དེ་ལ་ཉོན་ཅིག་ཅེས་གསུང་ངོ་༎