ཡོ་ཧ་ནན་ལ་མངོན་པར་མཛད་པ།
༡
ཡེ་ཤུ་མཱ་ཤི་ཀས་ཉིད་ཀྱི་ཞབས་ཕྱི་རྣམས་ལ། མྱུར་དུ་འབྱུང་འགྱུར་རྣམས་སྟོན་པར་མཛད་ཕྱིར། དཀོན་མཆོག་གིས་ཁོང་ལ་མངོན་པར་མཛད་དེ། ཁོང་གིས་ཉིད་ཀྱི་ཕོ་ཉ་རྒྱུད་དེ་ཞབས་ཕྱི་ཡོ་ཧ་ནན་ལ་བསྟན་པར་མཛད་དོ། ༢ ཁོས་དཀོན་མཆོག་གི་བཀའ་དང་། ཡེ་ཤུ་མཱ་ཤི་ཀས་དཔང་པོ་མཛད་པ་དང་། ཁོས་ཅི་མཐོང་བ་ཐམས་ཅད་མངོན་པར་བཤད་དོ། ༣ དུས་དེ་ནི་ཉེ་བས། ལུང་བསྟན་འདིའི་ཚིག་རྣམས་ཀློག་མཁན་དང་ཉན་མཁན་དང་། འདིའི་ནང་ལ་བྲིས་པ་སྲུང་མཁན་རྣམས་བདེའོ༎༤ ཡོ་ཧ་ནན་གྱི་ཕྱོགས་ནས། ཨ་སི་ཨ་རུ་ཡོད་པའི་ཆོས་ཚོགས་བདུན་པོའི་དྲུང་དུ། ད་ལྟ་བཞུགས་པ་དང་། སྔར་མཆིས་པ་དང་། ཕྱིས་འབྱོན་པར་འགྱུར་བ་ཁོང་གི་ཕྱོགས་ནས་དང་། ཡང་ཁོང་གི་བཞུགས་ཁྲིའི་དྲུང་དུ་མཆིས་པའི་ཐུགས་ཉིད་བདུན་པོའི་ཕྱོགས་ནས། ༥ དཔང་པོ་དྲང་པོ་ལགས་པ་གཤིན་པོ་རྣམས་ཀྱི་སྔོན་འཁྲུངས་ས་གཞིའི་རྒྱལ་པོ་རྣམས་ཀྱི་མངའ་བདག་ཡེ་ཤུ་མཱ་ཤི་ཀ་ལས་ཁྱེད་ལ་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག ང་ཚོར་བྱམས་ཤིང་ཉིད་ཀྱི་སྐུ་ཁྲག་གིས་ང་ཚོའི་སྡིག་པ་ལས་བསྒྲལ་ཏེ། ༦ ཉིད་ཀྱི་དཀོན་མཆོག་དང་ཡབ་ཀྱི་ཕྱིར་རྒྱལ་སྲིད་དང་དགེ་འདུན་དུ་མཛད་པ་ཁོང་ལ། དུས་རྟག་ཏུ་བསྟོད་པ་དང་མངའ་ཐང་ཡོད་པར་ཤོག་ཅིག ཨ་མེན༎
༧ ཁོང་ནི་སྤྲིན་དང་བཅས་འབྱོན་ནོ། མིག་ཡོད་པ་ཐམས་ཅད་དང་། ཁོང་ལ་མདུང་བཙུགས་མཁན་རྣམས་ཀྱིས་ཀྱང་ཁོང་མཇལ་ཞིང་། ཁོང་ལ་འཇིག་རྟེན་གྱི་མི་རིགས་ཀུན་གྱིས་མྱ་ངན་བྱེད་པར་འགྱུར་རོ། དེ་དེ་བཞིན་ནོ། ཨ་མེན༎
༨ ད་ལྟ་བཞུགས་པ་དང་སྔར་མཆིས་པ་ཕྱིས་འབྱོན་པའི་ཀུན་དབང་གི་གཙོ་བོ་དཀོན་མཆོག་གིས། ང་ནི་ཐོག་མ་དང་མཐའ་མ་ཡིན་ཞེས་གསུང་ངོ་༎
༩ ཡེ་ཤུའི་ཕྱིར་སྡུག་བསྔལ་དང་། རྒྱལ་སྲིད་དང་། བཟོད་སྲན་ནང་ཁྱེད་ཚོའི་མཉམ་གྲོགས་ཡིན་པའི་སྤུན་ཡོ་ཧ་ནན་ང་། དཀོན་མཆོག་གི་བཀའ་དང་ཡེ་ཤུ་ལ་དཔང་པོ་བྱེད་པའི་རྐྱེན་གྱིས། པད་མོ་བྱ་བའི་གླིང་ཕྲན་ནང་ཡོད་པ་ཡིན། ༡༠ གཙོ་བོའི་ཞག་གམ་བདུན་ཕྲག་གི་ཉི་མ་དང་པོར་ང་ལ་ཐུགས་ཉིད་ཀྱིས་ཁྱབ་སྟེ། ངའི་རྒྱབ་ན་དུང་དང་འདྲ་བའི་སྒྲ་ཆེན་པོ་ཞིག་ཐོས་ནས་དེ་ན་རེ། ༡༡ ཁྱོད་ཀྱིས་ཇི་མཐོང་བ་རྣམས་གླེགས་བམ་ནང་བྲིས་ཏེ། ཨེ་ཕེ་སུ་དང་། སི་མིར་ནཱ་དང་། པེར་ག་མུ་དང་། ཐི་ཨ་ཏི་རཱ་དང་། སར་དཱི་དང་། ཕི་ལཱ་དེལ་ཕི་ཨ་དང་། ལའོ་དི་ཀཱའི་ཆོས་ཚོགས་བདུན་པོ་ལ་སྐུར་ཞིག་གསུང་བྱུང་བ་དང་། ༡༢ ང་ལ་གསུངས་པའི་སྐད་ཀྱི་ཕྱོགས་སུ་ཁ་སྒྱུར་ནས་བལྟས་པ་དང་། གསེར་གྱི་སྟེགས་བདུན་དང་། ༡༣ དེའི་དཀྱིལ་ན་མིའི་བུ་དང་འདྲ་བ་ཞིག་ན་བཟའ་ཞབས་ལ་ཐུག་པ་དང་། སྐུ་བྲང་ལ་གསེར་གྱི་སྐུ་རགས་གསོལ་བ་མཇལ་བྱུང་། ༡༤ ཁོང་གི་དབུ་དང་དབུ་སྐྲ་ནི་བལ་དཀར་པོ་འམ་ཁ་བ་ལྟར་དཀར་པོ་དང་། སྤྱན་ནི་མེ་ལྕེ་དང་འདྲའོ། ༡༥ ཞབས་ནི་མེ་ཐབ་ནང་ལྷད་བཏོན་པའི་ལི་དང་འདྲ་བ། གསུང་སྐད་ནི་ཆུ་ཆེན་གྱི་སྒྲ་དང་འདྲའོ། ༡༦ ཕྱག་གཡས་ཀྱི་ནང་དུ་སྐར་མ་བདུན་ཡོད་དེ། ཞལ་གྱི་ནང་ནས་རལ་གྲི་ཁ་གཉིས་མ་རྣོ་བ་ཞིག་འཐོན་ཞིང་། ཞལ་གདོང་ནི་ཉི་མའི་གཟི་མདངས་དྲག་པོ་དང་འདྲའོ༎
༡༧ ཁོང་མཇལ་ནས། ཁོང་གི་ཞབས་དྲུང་དུ་ང་ནི་རོ་ལྟར་འགྱེལ་བ་དང་། ཁོང་གིས་ཉིད་ཀྱི་ཕྱག་གཡས་པ་ངའི་སྟེང་དུ་བཞག་ནས་ང་ལ། མ་འཇིགས་ཤིག ང་ནི་ཐོག་མ་དང་མཐའ་མ་དང་། ༡༨ གསོན་པོ་དེ་ཡིན། ང་གྲོངས་པ་ཡིན་ཏེ་ལྟོས་ཤིག་ད་རྟག་ཏུ་གསོན་པོར་གནས་སོ། འཆི་བ་དང་གཤིན་ཁམས་ཀྱི་ལྡེ་མིག་ང་ལ་ཡོད། ༡༩ ད་ཁྱོད་ཀྱིས་ད་ལྟ་ཡོད་པ་དང་ཕྱིས་སུ་འབྱུང་བར་འགྱུར་བ་ཁྱོད་ཀྱིས་མཐོང་བ་རྣམས་ཡི་གེར་བྲིས་ཤིག ༢༠ ངའི་ཕྱག་གཡས་ནང་མཐོང་བའི་སྐར་མ་བདུན་པོ་དང་། གསེར་གྱི་ལ་སྟེགས་བདུན་གྱི་གསང་བ་ནི་འདི་ལྟ་སྟེ། སྐར་མ་བདུན་པོ་ནི་ཆོས་ཚོགས་བདུན་གྱི་ཕོ་ཉ་ཡིན། ལ་སྟེགས་བདུན་པོ་ནི་ཆོས་ཚོགས་བདུན་པོ་ཡིན་ཞེས་གསུངས་སོ༎